སྐབས་གྱ་གཅིག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་ཚེས28ཉིན་ཉིག་ཡའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་གྲོལ།
སྐབས་གྱ་གཅིག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ལཱ་ཧི་མན་གྱིས་ཚོགས་འདུ་གྲོལ་བའི་གཏམ་བཤད་ཁྲོད་བཤད་རྒྱུར། རྒྱལ་ཁབ་དང་སྲིད་གཞུང་གི་མགོ་གཙོ113འདུས་པའི་འཐུས་ཚབ་ཚོགས་པའི་འཐུས་མི194ཡིས་གཏམ་བཤད་སྤེལ་བ་དང་། གཏམ་བཤད་དེ་དག་ཞི་བདེ་དང་འཕེལ་རྒྱས། འགྲོ་མིའི་ཐོབ་ཐང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅོས་བསྒྱུར། སྐབས་རྗེས་མའི་དྲུང་ཡིག་ཆེན་མོའི་འདེམ་བསྐོའི་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་བ་རེད་ཟེར།
ལཱ་ཧི་མན་གྱིས་བསྟན་དོན། མི་ཐབས་རིག་ནུས་དེ་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་གླེང་གཞི་གཙོ་བོར་གྱུར་ཡོད། ལོ་ངོ་བཞིའི་ཡར་སྔོན་དུ། འཐུས་ཚབ་ཚོགས་པ་ལྔ་ཡིས་མི་ཐབས་རིག་ནུས་གླེང་བ་དང་། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་བསྡོམས་པས་འཐུས་ཚབ་ཚོགས་པ128གྱིས་གླེང་གཞི་དེ་གླེང་བ་རེད། ཁ་གྲངས་དེ་ནམ་ཟླའི་འགྱུར་ལྡོག་དང་འགྲོ་མིའི་ཐོབ་ཐང་གི་གླེང་གཞི་གླེང་བའི་འཐུས་ཚབ་ཚོགས་པའི་ཁ་གྲངས་ལས་མང་ཟེར།
ལཱ་ཧི་མན་གྱིས་ད་རུང་བཤད་རྒྱུར། ཡིད་ཆེས་སླར་གསོ་བྱེད་པའི་གླེང་གཞི་དེར་ཡོངས་ཁྱབ་ཏུ་ཚུར་སྣང་དྲག་པོ་བྱུང་ཡོད་ཟེར། ཁོས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཞི་བདེ་བསྐྱུར་མི་རུང་བ་དང་། རྒྱུན་མཐུད་འཕེལ་རྒྱས་ཐད་འབད་འབུངས་བྱས་ཏེ། འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་། ལག་རྩལ་ཚུལ་བསྒྱུར་ལས་མིའི་རིགས་ལ་ཞབས་ཞུ་བྱེད་པ། དོན་སྙིང་ལྡན་ཞིང་འཐུས་ཚབ་རང་བཞིན་ལྡན་པའི་འདྲ་མཉམ་གྱི་བཅོས་བསྒྱུར་སྤེལ་བར་འགན་སྲུང་བྱས་ནས། ཧུར་ཐག་སྒོས་ཡིད་ཆེས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་དེ་ཚེས22ཉིན་ཉིག་ཡའོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས་པ་དང་། བརྗོད་སྙིང་ནི་ཡིད་ཆེས་སླར་གསོ་དང་དོ་དམ་བཅོས་བསྒྱུར་ཏེ་མི་ཚང་མར་དངོས་འབྲས་བསྐྲུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཤིག་འཛུགས་དགོས་ཞེས་པ་དེ་རེད། དཔྱད་གླེང་ཚོགས་འདུ་སྤེལ་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ད་རུང་ནམ་ཟླའི་འགུལ་སྐྱོད་དང་དྲང་བདེན་ཚུལ་བསྒྱུར། འཕེལ་རྒྱས་ཁེ་དབང་གི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་ནས་ལོ་ངོ40འགོར་བའི་རྗེས་དྲན། མཚོ་ངོས་ཇེ་མཐོར་སོང་བ་ལས་བཟོས་པའི་འཚོ་སྡོད་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པ། ནད་ཡམས་ཀྱི་འགོག་ཟོན་ཐག་གཅོད། ཏི་པན་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་གནད་ལ་གྲོས་འཆམ་བྱུང་ནས་ལོ་ངོ25འགོར་བའི་རྗེས་དྲན་སོགས་མཐོ་རིམ་གྲོས་ཚོགས་སྤེལ་བ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཞིབ་དང་ལྟ་རྟོག ཞིབ་བཤེར་བཅས་ཀྱི་ལས་ཁུངས་ཤིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་མཉམ་དུ་གྲུབ་པ་ཡིན།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba