ཁོང་གོ་ཅིན་གྱི་ས་གནས་སྨྱན་བྱད་ཀྱིས་ཚེས27ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཅི་ཝུའུ་མཚོ་ཁོངས་སུ་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཅིག་བྱུང་སྟེ། ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་ལྷག་གར་སོང་རྙེད་མེད་ཟེར།
བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཚེས26ཉིན་གྱི་ནམ་གུང་ནས་ཚེས27ཉིན་གྱི་ཞོགས་པའི་བར་བྱུང་། མཚོ་ནང་དུ་ནུབ་པའི་གྲུ་གཟིངས་དེ་ཅི་ཝུའུ་ལྷོ་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པུའུ་ཁཱ་ཝུའུ་ནས་ལམ་ལ་ཆས་པ་དང་། ལམ་བར་ནས་ལོག་སྟེ་མཚོ་ནང་དུ་ནུབ་པ་རེད། ཐོག་མར་བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་བའི་གྲུ་གཟིངས་དེའི་སྟེང་དུ་མི80ལྷག་ཡོད། རྒུད་སྐྱོབ་མི་སྣས་ཚེས27ཉིན་གྱི་སྔ་དྲོར་ཉུང་མཐར་ཡང་འདས་པོའི་བེམ་པོ12མཚོ་ཁར་བླངས་པ་དང་། སྲོག་ཉེན་ལས་ཐར་བའི་མི5བསྐྱབས་ཡོད། མིག་སྔར་མི་བཅུ་ཕྲག་འགའ་སྔར་བཞིན་གར་སོང་རྙེད་མེད་ལ། རྒུད་སྐྱོབ་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ད་རུང་གསལ་བོར་མི་ཤེས་ཟེར།
ཁོང་གོ་ཅིན་གྱི་མངའ་ཁོངས་སུ་ཆུ་བོ་དང་མཚོ་མཚེའུ་སོགས་མང་དུ་ཡོད་ཅིང་། གྲུ་གཟིངས་ལ་སྡོད་པ་ནི་ས་གནས་མང་ཚོགས་འགྲུལ་བཞུད་བྱེད་པའི་ཐབས་གཙོ་བོ་ཞིག་རེད། གྲུ་གཟིངས་རྙིང་བ་དང་ཐེག་ཚད་ལས་བརྒལ་བ་སོགས་རྒྱུ་རྐྱེན་དབང་གིས་གྲུ་གཟིངས་ནུབ་པའི་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba