ཧུའུ་སེ་དྲག་ཆས་པས་ཡེ་མིན་གྱི་ཐཱ་དབྱེ་ཙི་ཞིང་ཆེན་ལ་བར་སྣང་འཇབ་རྒོལ་ཐེབས་ནས་མི7རྐྱེན་ལམ་དུ་ཤོར་བ་དང་མི40ལ་རྨས་ཕོག་པའི་ཚུལ་བསྟན།

2026-09-29
258

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས27ཉིན་བསྒྲགས་པ་ལྟར་ན། ཡེ་མིན་ལྷོ་ནུབ་ཕྱོགས་ཀྱི་ཐཱ་དབྱེ་ཙི་ཞིང་ཆེན་དུ་ཉིན་དེར་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར་བ་དང་། མི40ལ་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། ཤི་རྨས་ཐེབས་མཁན་ཚང་མ་མང་ཚོགས་རེད་ཟེར། བསྒྲགས་པའི་གནས་ཚུལ་ལས་སོ་ཏི་ཨ་རབ་ཀྱིས་ཐེངས་འདིའི་བར་སྣང་འཇབ་རྒོལ་སྤེལ་བར་སྐྱོན་འཛུགས་བྱས།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཡེ་མིན་སྲིད་གཞུང་གི་འཐབ་འཛིན་གནམ་གྲུས་བར་སྣང་འཇབ་རྒོལ་སྤེལ་བ་དང་། ཐཱ་དབྱེ་ཙི་ཞིང་ཆེན་ཐཱ་དབྱེ་ཙི་གྲོང་ཁྱེར་ཤར་ངོས་ཀྱི་ཐཱ་དབྱེ་ཙི་ཡཱ་ས་ཁུལ་གྱི་ཧུའུ་སེ་དྲག་ཆས་པའི་དམག་སྒར་ཞིག་དང་ཁྲབ་ལྡན་འཁོར་ལོར་ཆམ་ཕབ་བཏང་ཡོད་ཟེར།

སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་དྲག་ཆས་ཕྱོགས་ཁག་ཅིག་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། བར་སྣང་འཇབ་རྒོལ་བྱེད་སྐབས། ཧུའུ་སེ་དྲག་ཆས་པ་དང་རོགས་དམག་དག་དམག་སྒར་དུ་འདུས་ཡོད་ལ། བར་སྣང་འཇབ་རྒོལ་ལས་དྲག་ཆས་མི་སྣ་བཅུ་ཕྲག་འགའ་ལ་ཤི་རྨས་བཟོས་ཡོད་ཟེར།

ཉེ་སྔོན་སོ་ཏི་ཨ་རབ་དང་ཧུའུ་སེ་དྲག་ཆས་པའི་བར་གྱི་འཁྲུག་རྩོད་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་རྒྱང་རིང་ནས་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།



  • 顶