ཧུའུ་སེ་དྲག་ཆས་པས་ཐུར་ཁེ་དང་ཕཱ་ཁི་སི་ཐན་འཁྲུག་རྩོད་ནང་ཞུགས་མི་རུང་བའི་ཉེན་བརྡ་བཏང་།

2026-09-24
249

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་འགོ་ཁྲིད་པ་ཨ་པུའུ་ཏུའུ་ལེ་མཱ་ལེ་ཁི་ཡིས་ཚེས21ཉིན་གྱི་དགོང་མོར་ཐུར་ཁེ་དང་ཕཱ་ཁི་སི་ཐན་ཧུའུ་སེ་དྲག་ཆས་པ་དང་སོ་ཏི་ཨ་རབ་ཀྱི་ཛ་དྲག་འཁྲུག་རྩོད་ནང་ཞུགས་མི་རུང་བའི་ཉེན་བརྡ་བཏང་།

ཨ་པུའུ་ཏུའུ་ལེ་མཱ་ལེ་ཁི་ཡིས་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་ནས་བཏང་བའི་གཏམ་བཤད་ནང་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་བར་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས་སུ། ཐུར་ཁེ་དང་ཕཱ་ཁི་སི་ཐན་གྱི་དམག་དོན་རྒྱབ་སྐྱོར་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར། ཁོས་རྒྱལ་ཁབ་དེ་གཉིས་སོ་ཏི་ཨ་རབ་བར་གྱི་ཆབ་སྲིད་དང་དཔལ་འབྱོར་ཁེ་ཕན་དབང་གིས་འཁྲུག་རྩོད་དེའི་ནང་ཞུགས་མི་རུང་བའི་སྐུལ་མ་བཏང་།

གནས་བབ་ཞི་འཇགས་སུ་གཏོང་བའི་སྐོར་ནས་ཨ་པུའུ་ཏུའུ་ལེ་མཱ་ལེ་ཁི་ཡིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་མངོན་འགྱུར་བྱེད་ཐབས་མེད་པའི་ཆ་རྐྱེན་བཏོན་མེད་ཟེར། སོ་ཏི་ཨ་རབ་ཀྱིས་དམག་དོན་འགུལ་སྐྱོད་མཚམས་འཇོག་པ་དང་ཧུའུ་སེ་དྲག་ཆས་པར་དམིགས་པའི་བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན་ཡོད་པ་བསྐྱར་བསྒྲགས་བྱས།

དེ་ལས་གཞན་ཁོས་ད་རུང་གཏམ་བཤད་སྤེལ་སྐབས་མུ་མཐུད་དུ་རང་གི་རྒྱབ་སྐྱོར་མཁན་ལ་སྐུལ་སློང་བྱས་པ་དང་། འཁྲུག་རྩོད་རྒྱུན་ཆད་མེད་པར་ཛ་དྲག་ཏུ་འགྱུར་བའི་གནས་བབ་འོག རྩ་འཛུགས་དེས་མུ་མཐུད་དུ་དམག་དོན་ནུས་པར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཉེ་སྔོན་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པ་དང་ཡེ་མིན་སྲིད་གཞུང་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པའི་སོ་ཏི་ཨ་རབ་བར་གྱི་འཁྲུག་རྩོད་ཛ་དྲག་ཏུ་གཡུར་བ་དང་། ཕྱོགས་གཉིས་ཀྱིས་འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་ཕན་ཚུན་ལ་འཇབ་རྒོལ་བྱས་པ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶