ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་འབྲེལ་བའི་བཀག་སྡོམ་བྱེད་ཐབས་དེ2029ལོའི་བར་ཇེ་རིང་དུ་བཏང་།

2026-09-24
448

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས22ཉིན་ཁྱབ་བསྒྲགས་བྱས་དོན། ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་དང་བདག་དབང་། སྒེར་ཚུགས་བཅས་ལ་གཏོར་བརླག་གཏོང་བའམ་འཇིགས་ཉེན་བཟོ་བའི་མི་སྒེར་དང་ཚོགས་པ་དག་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་ཀྱི་ཡུན་ཚད་དེ2029ལོའི་ཟླ9བའི་ཚེས22ཉིན་བར་ཟླ་ངོ36གིས་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མིག་སྔའི་འབྲེལ་ཡོད་བྱེད་ཐབས་ཀྱིས་རིམ་བསགས་ཀྱིས་མི་སྒེར་དང་ཚོགས་པ3000ལྷག་ལ་བཀག་སྡོམ་བྱས་ཡོད། བཀག་སྡོམ་བྱེད་ཐབས་ལ་འབྲེལ་ཡོད་མི་སྒེར་དག་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ཏུ་འགྲོ་བ་གཏན་འགོག་དང་། འབྲེལ་ཡོད་མི་སྒེར་དང་ཚོགས་པའི་ཡོ་རོབ་གླིང་མནའ་འབྲེལ་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་པ། ཡོ་རོབ་གླིང་མནའ་འབྲེལ་གྱི་མི་སྒེར་དང་ལས་ཁུངས་དག་གིས་བཀག་སྡོམ་བྱ་ཡུལ་ལ་མ་དངུལ་དང་དཔལ་འབྱོར་གྱི་ཐོན་ཁུངས་གཞན་པ་འདོན་སྤྲོད་བྱེད་པར་གཏན་འགོག་བྱས་ཡོད།

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་མི་སྒེར་གསུམ་དང་ཚོགས་པ་གཅིག དེ་མིན་ཚེ་ལས་འདས་པའི་མི་སྣ་གསུམ་བཅས་བཀག་སྡོམ་མིང་ཐོ་ལས་ཕྱིར་ཕུད་རྒྱུ་ཐག་བཅད་ཡོད། གསལ་སྒྲོག་ལས་མིང་ཐོ་ལས་ཕྱིར་ཕུད་པའི་མི་སྒེར་དང་ཚོགས་པ་གང་ཡིན་བྱེ་བྲག་ཏུ་བཤད་མེད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟིན་ཐོར་བཀོད་པ་ལྟར་ན། 2022ལོའི་ཟླ2པར་ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་རྗེས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བཀག་སྡོམ་ཁྱབ་ཁོངས་ལྡབ་འགྱུར་གྱིས་ཇེ་ཆེར་བཏང་ཡོད། མིག་སྔར་བར་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་སྐོར་ཐེངས21ལག་བསྟར་བྱས་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶