མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཕཱ་ལེ་སི་ཐན་གྱི་སྲིད་འཛིན་ཨ་པཱ་སི་ཡིས་བརྙན་ཕབ་ཀྱི་ཐབས་ལ་བརྟེན་ནས་གྲོས་ཚོགས་ལ་ཞུགས་ཆོག་པར་གཏན་འཁེལ་བྱས།

2026-09-20
402

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས17ཉིན་གྲོས་ཆོད་བཀོད་དེ། སྐབས་གྱ་གཅིག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྐབས་སུ། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱིས་སྔོན་ནས་བརྙན་ཕབ་བྱས་པའི་རྒྱལ་ཁབ་དེའི་སྲིད་འཛིན་ཨ་པཱ་སིའི་གཏམ་བཤད་སྤྲད་ཆོག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་བརྙན་དེ་བཏང་ཆོག་པར་གཏན་འཁེལ་བྱས་ཡོད།

གྲོས་ཆོད་ལས་ད་རུང་ཞི་བའི་ཐབས་ཀྱིས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པའི་མཐོ་རིམ་རྒྱལ་སྤྱིའི་གྲོས་ཚོགས་སྟེང་དུ། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱིས་བརྙན་རིས་གྲོས་ཚོགས་ཀྱི་ཐབས་ལ་བརྟེན་ནས་གཏམ་བཤད་སྤེལ་བའམ་ཡང་ན་སྔོན་ནས་བརྙན་ཕབ་བྱས་པའི་གཏམ་བཤད་སྤྲད་ཆོག་པར་གཏན་འཁེལ་བྱས་ཡོད།

གྲོས་ཆོད་ལས་བསྟན་དོན། གལ་ཏེ་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས་པར་བཀག་འགོག་ཐེབས་ན། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱིས་མཐོ་རིམ་གྲོས་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་གང་རུང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཞན་པས་འགོ་འཛིན་བྱས་པའི་རྒྱལ་སྤྱིའི་གྲོས་ཚོགས་སྣ་ཚོགས་སྟེང་དུ། སྲིད་འཛིན་དང་ཡང་ན་མཐོ་རིམ་འཐུས་མིའི་སྔོན་ནས་བརྙན་ཕབ་བྱས་པའི་གཏམ་བཤད་སྤྲད་ཆོག་ཟེར།

2025ལོའི་ཟླ8པར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་མེ་རི་ཁར་ཡོང་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཞུགས་རྩིས་ཡོད་པའི་ཨ་པཱ་སི་དང་ཕཱ་ལེ་སི་ཐན་གྱི་དཔོན་རིགས་བརྒྱད་ཅུ་ཙམ་ལ་ལམ་ཡིག་མ་བྱིན་པ་རེད། ད་ལོའི་ཟླ9བའི་ཚེས16ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་དོན། ཨ་པཱ་སི་སོགས་ཀྱི་ལམ་ཡིག་མི་སྟེར་བའི་བཀག་སྡོམ་ཡུན་ཚད་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།



  • 顶