པུའུ་ལུང་ཏིས་ཀྱི་ཕྱི་འབྲེལ་དང་ས་ཁོངས་གཞི་གཅིག་ཅན། འཕེལ་རྒྱས་མཉམ་ལས་བཅས་ཀྱི་པུའུ་ཀྲང་པུས་ཆི་མཱ་ནཱ་ཡིས་ཚེས16ཉིན་བཤད་རྒྱུར། ཀྲུང་གོས་འཛམ་གླིང་ཀུན་གྱིས་སྨོན་པའི་འཕེལ་རྒྱས་གྲུབ་འབྲས་བླངས་ཡོད་ཅིང་། ཀྲུང་གོས་རང་སྟོབས་རང་སྤེལ་བྱེད་པའི་འཕེལ་རྒྱས་ཐབས་ལམ་ལས་པུའུ་ལུང་ཏིས་དང་བཅས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་སྐུལ་མ་ཐེབས་ཡོད་ཟེར།
པུས་ཆི་མཱ་ནཱ་ཡིས་ཚེས16ཉིན་གྱི་དགོང་མོར་པུའུ་ལུང་ཏིས་ཀྱི་དཔལ་འབྱོར་རྒྱལ་ས་པུའུ་ཆུང་པུའུ་ལཱ་རུ་པུའུ་ལུང་ཏིས་སུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བསྟན་དོན། ཀྲུང་གོས་ཀུན་གྱིས་ཡིད་སྨོན་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་བཅོས་བསྒྱུར་བྱས་ཏེ། གནའ་བོའི་ཀྲུང་ཧྭའི་དཔལ་ཡོན་ལ་གསོན་ཤུགས་གསར་བ་བསྣན་ཡོད། ཀྲུང་གོས་ཆབ་སྲིད་གཏན་འཇགས་དང་དཔལ་འབྱོར་དར་རྒྱས། རིག་གནས་སྣ་མང་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་ཕན་པ་ཡོད་ལ། རྒྱལ་ཁབ་རེ་འགས་འཇིགས་ཉེན་དུ་བསམ་མི་རུང་ཟེར།
པུས་ཆི་མཱ་ནཱ་ཡིས་བཤད་རྒྱུར། པུའུ་ལུང་ཏིས་དང་ཀྲུང་གོའི་འབྲེལ་བ་དེ་རྣམ་དག་དང་མཐུན་སྒྲིལ། ཕན་ཚུན་བརྩི་་འཇོག གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞི་བརྟན་པོའི་སྟེང་བཙུགས་ཡོད་ཅིང་། དུས་རབས་འཕེལ་རྒྱས་ལས་བྱུང་བའི་ཉམས་སད་སྣ་ཚོགས་ཐེག་ཡོད། 2024ལོའི་ཟླ9བར། པུའུ་ལུང་ཏིས་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད་ཟེར།
པུས་ཆི་མཱ་ནཱ་ཡིས་བཤད་རྒྱུར། ཀྲུང་གོས་ནམ་རྒྱུན་པུའུ་ལུང་ཏིས་ཀྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད། རྨང་གཞིའི་སྒྲིག་ཆས་དང་ཞིང་ལས། སྨན་བཅོས་འཕྲོད་བསྟེན། སློབ་གསོ། ནུས་ཁུངས། ཚན་རྩལ། ཉོ་ཚོང་། དངུལ་གཏོང་སོགས་ཁྱབ་ཁོངས་སུ། པུའུ་ལུང་ཏིས་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། པུའུ་ལུང་ཏིས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཚུལ་བསྒྱུར་ལ་ཟོལ་མེད་ཀྱིས་སྐུལ་འདེད་བཏང་ཡོད་པར་མ་ཟད་པུའུ་ལུང་ཏིས་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཐོབ་ཡོད་ཟེར།
པུས་ཆི་མཱ་ནཱ་ཡིས་ཀྲུང་གོས་བདག་དབང་ལ་བརྩི་འཇོག་དང་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། ཞི་བའི་སྒོ་ནས་རྩོད་གླེང་ཐག་གཅོད་བྱེད་པ་སོགས་ཀྱི་རྩ་དོན་ལ་མཐོང་ཆེན་བྱེད་པ་དང་། སྔར་ལས་འདྲ་མཉམ་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་བྱ་བ་མང་བོ་བསྒྲུབས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།
པུས་ཆི་མཱ་ནཱ་ཡིས་བསྟན་དོན། པུའུ་ལུང་ཏིས་སྲིད་གཞུང་གིས་ཀྲུང་གོས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་ཅིང་། དེ་ལས་རྒྱལ་ཁབ་སོ་སོས་འགལ་བ་ཁྱད་བསལ་དང་མཛེས་སྡུག་གི་མ་འོངས་པ་མཉམ་བསྐྲུན་བྱེད་པའི་རེ་འདུན་མཚོན་པར་བྱས་ཡོད་ལ། གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་རྩོད་མདུན་ནས་རྒྱལ་ཁབ་སོ་སོས་དཀའ་སྡུག་མཉམ་མྱོང་བྱེད་དགོས་པ་ལས་ཁེར་རྐྱང་དུ་སྡོད་མི་རུང་། པུའུ་ལུང་ཏིས་སྲིད་གཞུང་གིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འགོ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་འགོ་བཅས་ལའང་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། གྲོས་འགོ་དེ་དག་གིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་ཐུན་མོང་གི་རེ་འདུན་མཚོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba