ཨོ་སི་ཁྲུ་རི་ཡཱའི་གྲོས་དཔོན་གྱིས་ཡོ་རོབ་གླིང་གིས་སེམས་ཁུར་བསྐྱུར་ནས་ཀྲུང་གོའི་བར་འདྲ་མཉམ་མཉམ་ལས་བྱེད་དགོས་པའི་ཚུལ་བསྟན།

2026-09-20
419

ཨོ་སི་ཁྲུ་རི་ཡཱའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ལོ་སིན་ཁི་ལན་ཚི་ཡིས་ཉེ་སྔོན་རྒྱལ་ས་ཝེ་ཡེ་ནཱ་ནས་ཞིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་གོར་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་སོགས་ཁྱབ་ཁོངས་མང་བོ་ནས་མཆོང་བསྐྱོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་པས། ཡོ་རོབ་གླིང་གིས་སེམས་ཁུར་གྱི་བསམ་པ་བསྐྱུར་ནས། གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་དགོས་ལ། ཕན་ཚུན་སློབ་སྦྱོང་དང་འདྲ་མཉམ་མཉམ་ལས་བྱེད་པ་ནི་ད་གཟོད་ཡོ་རོབ་གླིང་དང་ཀྲུང་གོས་མཉམ་ལས་བྱེད་པའི་ཡང་དག་པའི་ཐབས་ལམ་རེད་ཟེར།

ལོ་སིན་ཁི་ལན་ཚི་ཡིས་བལྟས་ན། ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རང་འགུལ་སྒོས་འདྲ་མཉམ་ལུགས་མཐུན་གྱི་མཉམ་ལས་སྒྲོམ་གཞི་བཙུགས་ཏེ། ཡོ་རོབ་གླིང་དང་ཀྲུང་གོའི་ལས་རིགས་སོ་སོས་ཕྱོགས་རེས་ཀྱི་ལྟ་བ་དོར་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཡོ་རོབ་གླིང་དང་ཀྲུང་གོའི་ཁྱད་སྟོབས་ཁ་གསབ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་པར་འདོད།

ལོ་སིན་ཁི་ལན་ཚི་ཡིས་ཉེ་སྔོན་འཐུས་ཚབ་ཚོགས་པ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་བྱས་པ་དང་། དེ་ནི་ཁོས་གྲོས་དཔོན་གྱི་འགན་ཁུར་རྗེས་ཐོག་དང་པོར་ཀྲུང་གོར་འཚམས་འདྲི་བྱས་པ་རེད། ཁོས་བསྟན་དོན། ཨོ་སི་ཁྲུ་རི་ཡཱའི་ཏང་ཁག་སོ་སོས་ཀྲུང་གོའི་བར་གྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བར་ཐུན་མོང་ངོས་འཛིན་དང་རེ་འདུན་དྲག་པོ་ཡོད། འཐུས་ཚབ་ཚོགས་པའི་ཐེངས་འདིའི་ཀྲུང་གོའི་འགྲུལ་བཞུད་ལས་ཀྲུང་གོའི་རྒྱུན་རིང་ཞིང་རྔམ་མཐུག་པའི་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་བྱས་པར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་རྒྱས་ཡོད་པའང་བདེན་དཔང་བྱས་ཡོད་ཟེར།

ད་ལོ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ55འགོར་བའི་ལོ་ཡིན། ལོ་སིན་ཁི་ལན་ཚི་ཡིས་བསྟན་དོན། ཨོ་སི་ཁྲུ་རི་ཡཱ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ་མཛའ་བརྩེ་བསྟུད་མར་ཇེ་ཟབ་ཏུ་སོང་ཡོད། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ནས་བཟུང་། ཕྱོགས་གཉིས་ཀྱི་རྒྱལ་ཁབ་རིམ་པའི་ཁྲིམས་འཛུགས་ལས་ཁུངས་ཀྱི་འབྲེལ་འདྲིས་ཐེངས་དྲུག་ཅུ་ལས་བརྒལ་ཡོད། 2018ལོར། ཨོ་སི་ཁྲུ་རི་ཡཱ་དང་ཀྲུང་གོའི་འབྲེལ་བ་དེ་མཛའ་མཐུན་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་སྒྲོམ་གཞི་བརྟན་པོ་བསྐྲུན་ཡོད་ཟེར།

ལོ་ངོ་ང་ལྔའི་རིང་གི་འབྲེལ་འདྲིས་བརྒྱུད་རིམ་ལ་ཕྱིར་བལྟས་བྱས་ཚེ། ལོ་སིན་ཁི་ལན་ཚི་ཡིས་བལྟས་ན། ཨོ་སི་ཁྲུ་རི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཞི་བདེ་ལ་མཐོང་ཆེན་བྱེད་ཅིང་། ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཉམ་ལས་ཀྱིས་ཞི་བདེ་ལ་སྐུལ་འདེད་གཏོང་བ་དང་མཉམ་རྒྱལ་གྱིས་འཕེལ་རྒྱས་བརྩོན་པ་རྒྱུན་འཁྱོངས་བྱེད་དགོས་པར་འདོད། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འདུ་ཤེས་མཐུན་པ་དང་། དུས་ཡུན་རིང་བོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་ལག་རྡང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་རོགས་འདེགས་བྱས་པར་མ་ཟད། དཔལ་འབྱོར་དང་རིག་གནས་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། མིག་སྔར་ཨོ་སི་ཁྲུ་རི་ཡཱའི་ཁེ་ལས650ལྷག་གིས་ཀྲུང་གོར་འཕེལ་རྒྱས་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། དེ་ལས་ཨོ་སི་ཁྲུ་རི་ཡཱ་དང་ཀྲུང་གོའི་མཉམ་ལས་ལ་གསོན་ཤུགས་ཆེན་པོ་ལྡན་པ་བདེན་དཔང་བྱས་ཡོད་ཟེར།

ལོ་སིན་ཁི་ལན་ཚི་ཡིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་། ནམ་ཟླའི་འགྱུར་ལྡོག་དང་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་། ས་ཁུལ་གྱི་གནད་དོན་གལ་ཆེན་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་མང་དུ་འབྱུང་བཞིན་ཡོད། ཨོ་སི་ཁྲུ་རི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གྲོས་མོལ་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། བཅོས་སྐྱོང་གི་ཐུན་མོང་འདུ་ཤེས་གཅིག་བསྡུས་དང་མཉམ་ལས་སྒྲིལ་སྲོལ་འཐུས་ཚང་དུ་བཏང་སྟེ། གོ་ལ་ཧྲིལ་བོའི་གནད་དོན་ཐག་གཅོད་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

རྒྱལ་ཁབ་གཉིས་ཀྱི་མ་འོངས་པར་ཁ་ཕྱོགས་ན་ལོ་སིན་ཁི་ལན་ཚི་ཡིས་བསྟན་དོན། ན་གཞོན་ནི་མ་འོངས་པའི་མཉམ་ལས་ཀྱི་གཙོ་ཤུགས་དམག་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་རྒྱུན་འཛིན་མཁན་དང་སྐུལ་འདེད་གཏོང་མཁན་ཡིན། ཨོ་སི་ཁྲུ་རི་ཡཱ་དང་ཀྲུང་གོའི་ན་གཞོན་གྱིས་ཕན་ཚུན་འཚམས་འདྲི་དང་རིག་གནས་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། དམངས་སེམས་གཅིག་མཐུན་གྱི་རྨང་གཞི་བསྟུད་མར་ཇེ་བརྟན་དུ་བཏང་ན། ཨོ་སི་ཁྲུ་རི་ཡཱ་དང་ཀྲུང་གོའི་མཛའ་མཐུན་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་སྲིད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶