ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཁ་ཆད་ལྟར་ལ་ཐེ་ཝེ་ཡའི་ཕྱི་འབྲེལ་པུའུ་ཀྲང་པུའུ་ལ་ཙིའུ་ལ་ཁ་པར་བཏང་།
པུའུ་ལ་ཙིའུ་ཡིས་བསྟན་དོན། ལ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར35ལོན་པར་ཐུན་མོང་ཐོག་དྲན་གསོ་ཞུས་མ་ཐག་ཡིན། ལོ་མང་རིང་རྒྱལ་ཁབ་གཉིས་ཀྱིས་དངོས་སྒྲུབ་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་ཕྱོགས་མང་སྟེགས་བུའི་ཐོག་ཀྱང་མཉམ་ལས་ཡག་པོ་བྱས་ཡོད། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད།
པུའུ་ལ་ཙིའུ་ཡིས་བསྟན་དོན། ཉེ་ཆར་ལ་ཐེ་ཝེ་ཡའི་སྤྱི་དམངས33ནེ་པ་ལ་དང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་ཁྲོད་འབྲེལ་བ་ཆད་པ་རེད། གནོད་འཚེ་ཐོན་རྗེས་ཀྲུང་གོ་ཕྱོགས་ཀྱིས་བརྡ་ཁྱབ་དང་འཚོལ་སྐྱོབ་ལས་དོན་སྤེལ་བ་དང་། དེ་བཞིན་འབྲེལ་གཏུག་ཆད་པའི་མི་སྣའི་ནང་མིར་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་གནང་ཡོད། ལ་ཐེ་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རྗེས་མཐུད་ལས་དོན་ཡག་པོར་བསྒྲུབ་འདོད་ཡོད།
ཝང་དབྱིས་བསྟན་དོན། ནེ་པ་ལའི་ཕྱོགས་སུ་གློ་བུར་དུ་འཁྱགས་རོམ་དང་བྲག་རྡོ་རྡིབ་ནས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས། ཀྲུང་གོའི་བོད་ལྗོངས་སྐྱིད་ལུང་རྫོང་དུ་མི་སྣ་ཤི་རྨས་བྱུང་བ་དང་འབྲེལ་བ་ཆད་ཡོད། ལ་ཐེ་ཝེ་ཡ་ནི་འབྲེལ་བ་ཆད་པའི་མི་གྲངས་མང་ཤོས་ཀྱི་ཡོ་རོབ་ཀྱི་རྒྱལ་ཁབ་ཅིག་རེད། གློ་བུར་དུ་བྱུང་བའི་སྐྱོ་གར་དེའི་མདུན་དུ་ལ་ཐེ་ཝེ་ཡ་ཕྱོགས་དང་ལྷག་པར་དུ་འབྲེལ་གཏུག་ཆད་པའི་མི་སྣའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣར་ལྟ་སྟངས་གཅིག་མཚུངས་བཟུང་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་སྤེལ་རྒྱུ་ཡིན། ང་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་ལ་ཐེ་ཝེ་ཡ་ཕྱོགས་སོགས་ཕྱི་ཕྱོགས་ཀྱི་འབྲེལ་གཏུག་ཆད་པའི་མི་སྣ་མུ་མཐུད་དུ་འཚོལ་སྐྱོབ་བྱས་ཏེ་རྗེས་མཐུད་ལས་དོན་ཐག་གཅོད་འོས་འཚམ་བྱ་རྒྱུ་ཡིན།
ཝང་དབྱིས་བསྟན་དོན། ཀྲུང་གོ་དང་ལ་ཐེ་ཝེ་ཡ་དབར་བར་ཐག་རིང་པོ་ཡོད་ཀྱང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་མོ་ཡོད། ཀྲུང་གོ་ནི་ལ་ཐེ་ཝེ་ཡའི་རང་བཙན་ཁས་ལེན་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཚུན་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་བརྩི་འཇོག་བྱས་ནས་འབྲེལ་བ་བརྟན་རླིང་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཐེ་ཝེ་ཡ་ཕྱོགས་ལ་ཕྱོགས་རྐྱང་པས་ཐོངས་མཆན་སྤྲོད་མི་དགོས་པ་ལག་བསྟར་བྱས་པ་དེ་ཐོག་ནས་ལ་ཐེ་ཝེ་ཡ་ཕྱོགས་ལ་ཡིད་ཆེས་བྱེད་པ་མཚོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་སྣའི་འགྲོ་འོང་སྔར་བས་ཇེ་མང་དུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཐེ་ཝེ་ཡ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར35ལོན་པ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་ལ་ཐེ་ཝེ་ཡའི་འབྲེལ་བར་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་བསྣོན་འདོད་ཡོད། །
འཕྲིན་སྟེགས། weikangba