ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས16ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་ལུའུ་ཅན་ཁི་ཡིས་ཉིན་དེར་ཨུ་རུ་སིར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཆེན་མོ་ཝུའུ་ཐིན་ཞན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། འཇར་པན་ཕྱོགས་ཀྱིས་བསྟུད་མར་ལག་བསྟར་བྱེད་པའི་ཨུ་རུ་སིར་རྒོལ་བའི་ལམ་ཐིག་སྟེ་ཉེ་སྔོན་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཆན་ཏའོ་གླིང་ཚོམས་ལྷོ་མར་འཚམས་འདྲི་བྱས་པར་ངོ་རྒོལ་བྱེད་པ་དང་། ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་རྒྱ་བསྐྱེད་ཡོད་པས། ཨུ་རུ་སི་དང་འཇར་པན་གྱི་རྒྱུན་ལྡན་གྲོས་མོལ་སླར་གསོ་བྱེད་པའི་རེ་བ་ཧ་ཅང་ཉག་ཕྲ་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་འཇར་པན་གྱིས་ཡང་བསྐྱར་དམག་དོན་ཅན་ལ་སྐུལ་འདེད་གཏོང་བའི་ཉེན་ཁའི་རང་བཞིན་ནན་བཤད་བྱས་པ་དང་། བྱེད་ཐབས་དེ་དག་གིས་ཨུ་རུ་སིའི་རྒྱལ་ཁབ་བདེ་འཇགས་དང་ཨེ་ཤ་ཡཱ་བྱང་ཤར་གྱི་ཞི་བདེ་དང་གཏན་འཇགས་ལ་ཐད་ཀར་འཇིགས་ཉེན་བཟོས་ཡོད། གལ་ཏེ་བྱ་སྤྱོད་དེ་རིགས་མུ་མཐུད་དུ་སྤེལ་ན། ཨུ་རུ་སིའི་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་ངེས་ཡིན་ཟེར།
ཨུ་རུ་སིར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་གིས་ཉེ་སྔོན་འཇར་པན་གྱི་སྤྱི་དམངས་ཆའོ་ཏའོ་གླིང་ཚོམས་ལྷོ་མར་འགྲོ་བར་ལམ་ཡིག་མི་དགོས་པའི་སྲིད་ཇུས་སླར་གསོ་བྱེད་རྒྱུའི་རེ་བ་བཏོན་པར། ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས16ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་འཇར་པན་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར་བའི་འགན་འཁྲི་དེ་ཨུ་རུ་སིའི་ཕྱོགས་ལ་མེད་པ་དང་། འཇར་པན་གྱིས་ཨུ་རུ་སིར་མཛའ་མཐུན་མིན་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཨུ་རུ་སིར་བཀག་སྡོམ་བྱེད་པའི་བྱེད་ཐབས་ནང་ཞུགས་པར་མ་ཟད། ཨུ་རུ་སི་མཛའ་མཐུན་མིན་པའི་རྒྱལ་ཁབ་ཀྱི་མིང་ཐོའི་གྲས་སུ་བཞག་པ་སོགས་ཀྱི་དབང་གིས་རེད། གནས་ཚུལ་འདི་འདྲའི་འོག་ལམ་ཡིག་མེད་པར་གཏོང་བའི་བྱེད་ཐབས་ཇེ་ལྷོད་དུ་གཏོང་བར་རེ་བ་ཧ་ཅང་ཉག་ཕྲ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba