མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་དབུས་ཤར་དང་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་བཏང་།

2026-09-17
223

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས16ཉིན་དབུས་ཤར་དང་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་མཐོ་རིམ་གཟའ་འཁོར་བྱ་འགུལ་མ་སྤེལ་གོང་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་འབོད་སྐུལ་བཏང་བ་རེད། ཁོས་བཤད་རྒྱུར། མིག་སྔར་དབུས་ཤར་ས་ཁུལ་དུ་གནད་འགག་གི་དུས་སྐབས་སུ་གནས་ཡོད་ལ། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་ནི་ཐོག་མའི་ལས་འགན་ཡིན། ཕྱོགས་སོ་སོས་ངེས་པར་དུ་མང་ཚོགས་དཀྱུས་མར་ཤི་རྨས་བཟོ་བའི་འགུལ་སྐྱོད་མཚམས་འཇོག་དགོས་པ་དང་། མི་ཆོས་རྒུད་སྐྱོབ་བྱ་བ་བདེ་འཇགས་དང་བཀག་རྒྱ་མེད་པར་སྤེལ་ཐུབ་པར་འགན་སྲུང་བྱེད་དགོས། ཧའོ་ཨར་མུའུ་ཙི་མཚོ་འགག་དང་མན་ཏི་མཚོ་འགག དེ་མིན་ཉེ་འཁོར་གྱི་མཚོ་ཐོག་འགྲུལ་བཞུད་དབང་ཆ་དང་རང་དབང་དེ་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་སླར་གསོ་བྱས་ཏེ་བརྩི་འཇོག་བྱེད་དགོས། དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་དེ་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཕྱི་འབྲེལ་གྱི་གྲོས་མོལ་སྤེལ་བ་སོགས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་ཟང་ཟིང་གི་གནས་བབ་འོག ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་མིས་མྱོང་བའི་དཀའ་སྡུག་དེ་བརྗེད་མི་རུང། ཅཱ་ཧྲའི་ཞི་བདེ་འཆར་གཞི་ངེས་པར་དུ་འཐུས་སྒོ་ཚང་བའི་སྒོ་ནས་དངོས་འབེབས་བྱེད་དགོས་པ་དང་། མི་ཆོས་རོགས་སྐྱོར་ལ་ཚད་བཀག་བྱེད་མི་རུང་ལ། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་རིམ་བཅར་ཅན་གྱིས་དབང་འོག་ཏུ་བསྡུ་བའི་བྱ་སྤྱོད་ངེས་པར་དུ་མཚམས་འཇོག་དགོས་ལ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་མ་བྱུང་ན། དབུས་ཤར་ས་ཁུལ་གྱི་ཞི་བདེ་ཡོད་མི་སྲིད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་འཁྲུག་རྩོད་དེ་བྱུང་ནས་ལོ་ངོ་ལྔ་འགོར་བ་དང་། འཁྲུག་རྩོད་མཇུག་སྒྲིལ་བའི་རེ་བ་ཧ་ཅང་ཉག་ཕྲ། འཁྲུག་རྩོད་དེ་ལས་མང་ཚོགས་ལ་དཀའ་སྡུག་ཆེན་པོ་བཟོས་ཡོད་པར་མ་ཟད། རྒྱུ་འབྲེལ་རང་བཞིན་གྱི་གོ་ལ་ཧྲིལ་བོའི་མཇུག་འབྲས་ཚབས་ཆེན་བྱུང་ཡོད། ད་ལྟ་འཁྲུག་རྩོད་དེ་མྱུར་དུ་མཇུག་སྒྲིལ་བ་དེ་དྲང་བདེན་དང་ཡུན་རིང་། ཕྱོགས་ཡོངས་བཅས་ལ་ཕྱོགས་པའི་གོམ་རིམ་དང་པོར་བརྩི་དགོས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶