མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས16ཉིན་གོ་ལ་ཧྲིལ་བོའི་རོགས་རེས་འགུལ་སྐྱོད་སྤེལ་ཏེ། མི་ཐབས་རིག་ནུས་ལ་འགོག་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། ད་ལོའི་མཉམ་འབྲལེ་རྒྱལ་ཚོགས་ཚོགས་ཆེན་གྱི་མཐོ་རིམ་གཟའ་འཁོར་བྱ་འགུལ་མ་སྤེལ་གོང་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མི་ཐབས་རིག་ནུས་ལ་སྦས་ཤུགས་ཆེན་པོ་ཡོད་ཀྱང་། སྔར་ལས་མང་བའི་མི་ཐབས་རིག་ནུས་གསར་སྤེལ་མཁན་གྱིས་གསར་སྤེལ་མྱུར་ཚད་དེ་མིའི་རིགས་ཀྱི་ཉེན་ཁའི་འདུ་ཤེས་ལས་བརྒལ་ཡོད་པའི་ཉེན་བརྡ་བཏང་བ་དང་། གསར་སྤེལ་མཁན་ལ་ལས་མི་ཐབས་ནུས་རིག་གསར་སྤེལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ལ། ལ་ལས་འགེབས་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། རྒྱལ་ཁབ་སོ་སོས་སེམས་ཁུར་དེ་རིགས་སྣང་མེད་དུ་བསྐྱུར་མི་རུང་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཐོག་མར་ངེས་པར་དུ་འགན་འཁྲི་ཁུར་དུ་ལེན་དགོས། མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་དང་དེ་ལས་བྱུང་བའི་ཉེན་ཁ་རྒྱལ་མཚམས་ལས་བརྒལ་ཡོད་པས། གོ་ལ་ཧྲིལ་བོའི་རོགས་ལས་མེད་དུ་མི་རུང་། ཁེར་རྐྱང་དུ་ཕུད་པ་དང་དཔྱད་ཞིབ་བྱེད་ཐབས་མེད་པ། དོ་མི་མཉམ་པར་ལག་བསྟར་བྱས་པའི་རང་མོས་ཀྱིས་མཚམས་འཇོག་པའི་བྱེད་ཐབས་དེས་མིག་སྔའི་གནད་དོན་ཐག་གཅོད་བྱེད་ཐབས་མེད་ཟེར།
ཁོས་བཤད་རྒྱུར། བདེ་འཇགས་དང་འགན་ཁུར་བའི་སྒོ་ནས་མི་ཐབས་རིག་ནུས་ཀྱི་གསར་སྤེལ་ལ་ཇི་ལྟར་སྐུལ་འདེད་གཏོང་དགོས་པ་དང་། དུས་ནམ་ཞིག་ལ་ལྟ་རྟོག་དང་བློ་ཡུལ་ལས་འདས་པའི་ཉེན་ཁའི་དོ་དམ་བྱེད་ཐབས་ལ་ཤུགས་སྣོན་བྱེད་པའི་ཐད་ཐུན་མོང་གི་ལྟ་ཚུལ་འབྱུང་དགོས་པས། དེར་རྒྱལ་སྤྱིའི་མཉམ་ལས་དང་གོ་ལ་ཧྲིལ་བོའི་རོགས་ལས་མཁོ་གལ་ཧ་ཅང་ཆེ། མིག་སྔར་གནས་པའི་ས་ཁུལ་གྱི་ཆབ་སྲིད་འགལ་བ་ཆེ་བའི་གནས་བབ་འོག མིའི་རིགས་ཀྱིས་མི་ཐབས་རིག་ནུས་དེ་ཞབས་མེད་ཀྱི་འགྲན་རྩོད་ཀྱི་རྣམ་པར་འགྱུར་བའི་མཇུག་འབྲས་ཁུར་དུ་ལེན་ཐབས་མེད་པས། ང་ཚོས་འགོག་སྲུང་བྱས་ཏེ། ཡིད་ཆེས་འཛུགས་པ་དང་མི་ཐབས་རིག་ནུས་ཀྱི་བདེ་འཇགས་དང་མངོན་གསལ། འགན་ཁུར་བ་བཅས་ལ་འགན་སྲུང་བྱེད་དགོས་པར་མ་ཟད། མི་རིགས་ཀྱི་ལ་རྒྱ་སྙིང་བོར་འཛིན་དགོས། མིག་སྔའི་གནས་བབ་འོག རྒྱལ་སྤྱིའི་མཉམ་ལས་དེ་སྔོན་ཆད་ཀྱི་དུས་གང་རུང་ལས་ཀྱང་དགོས་གལ་ཧ་ཅང་ཆེ་བར་མངོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba