ཧྥེ་ཅི་ཡིས་ཨེ་ཙི་ནད་ཀྱི་གནས་ཚུལ་ལས་རྒྱལ་ཁབ་ལ་ཉམས་ཉེན་བཟོ་བཞིན་པ་ཁྱབ་བསྒྲགས་བྱས།

2026-09-16
396

ཧྥེ་ཅིའི་སྲིད་གཞུང་གིས་ཚེས15ཉིན་ཨེ་ཙི་ནད་ཀྱི་གནས་ཚུལ་ལས་རྒྱལ་ཁབ་རང་ལ་ཉམས་ཉེན་བཟོས་ཡོད་པ་དང་། སྲིད་གཞུང་རིམ་པའི་མཐུན་སྦྱོར་ཐག་གཅོད་བྱེད་ཐབས་སྤྱད་དེ། ཨེ་ཙི་ནད་ཀྱི་ནད་དུག་འགོ་ཚད་ལྡབ་འགྱུར་གྱིས་ཇེ་མཐོར་འགྲོ་བའི་གནས་ཚུལ་སྔོན་འགོག་བྱས་ནས་སྡེ་ཁུལ་མང་ཚོགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཧྥེ་ཅིའི་འཕྲོད་བསྟེན་པུའུ་ཀྲང་ལཱ་ལཱ་པཱ་ལཱ་ཝུའུ་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། 2025ལོར་ཧྥེ་ཅི་རུ་ཨེ་ཙི་ནད་ཀྱི་ནད་དུག་འགོས་པའི་ནད་པ2016ཇེ་མང་དུ་སོང་བ་དང་། ཁ་གྲངས་དེ་ནི2019ལོ་ལས་ལྡབ་བཅུ་དྲུག་འཕར་ཡོད་ཟེར། ཚོད་དཔག་བྱས་ན། མིག་སྔར་མི་དར་མ་དྲུག་ཅུའི་ནང་མི་གཅིག་ལ་ཨེ་ཙི་ནད་དུག་འགོས་ཡོད་ལ། ལོ་ལྔའི་ཡར་སྔོན་བསྡུར་ཚད་དེ་མི167ལས་མི་གཅིག་ལ་ནད་དུག་འགོས་ཡོད་པ་ཙམ་ཡིན། སྦྲུམ་མའི་ཁྲོད་དུ་མི100ཡི་ནང་མི་གཉིས་ལ་ཨེ་ཙི་ནད་དུག་འགོས་ཡོད་པ་རེད།

ལཱ་ལཱ་པཱ་ལཱ་ཝུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་ཀྱི་ཐག་གཅོད་འགུལ་སྐྱོད་ཀྱི་ཁག་ཅིག་ཡིན་པའི་ཆ་ནས། ཧྥེ་ཅི་རྒྱལ་ཡོངས་ཀྱི་སྲིད་འཛིན་ས་ཁུལ་བཞིར་རིན་མེད་དང་གསང་རྒྱ་བྱེད་པའི་ཨེ་ཙིའི་ནད་ཀྱི་ཞིབ་བཤེར་དང་སྔོན་འགོག གསོ་བཅོས། བདག་སྐྱོང་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད་ཟེར།

ལཱ་ལཱ་པཱ་ལཱ་ཝུའུ་ཡིས་བཤད་རྒྱུར། ཨེ་ཙི་ནད་ཀྱི་ཞིབ་བཤེར་ལས་རང་མོས་དང་གསང་རྒྱའི་རྩ་དོན་བརྩི་སྲུང་བྱེད་དགོས་ཤིང་། མི་སྒེར་གྱི་ནད་དུག་འགོས་པའི་གནས་ཚུལ་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་དགོས། ཨེ་ཙི་ནད་དུག་འགོས་པའི་མིར་མཐོང་ཆུང་བྱེད་པའི་བྱ་སྤྱོད་དག་ཁྲིམས་འགལ་ཡིན་ཟེར། ཁོས་ཧྥེ་ཅིའི་མང་ཚོགས་ཀྱིས་རང་འགུལ་ངང་ཨེ་ཙི་ནད་ཀྱི་ནད་དུག་ཞིབ་བཤེར་བྱས་ནས། རང་ཉིད་དང་མི་གཞན་པའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

བསོད་ནམས་ཚེ་རིང་གིས་བསྒྱུར།



  • 顶