ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཚེས10ཉིན་བསྟན་དོན། ཨ་རིས་ཧོ་འར་མོ་ཚི་མཚོ་འགག“བརྒྱ་ཆའི་བརྒྱ”ཚོད་འཛིན་བྱས་པར་མ་ཟད། ཨ་རིའི་དམག་དཔུང་གིས་མཚོ་འགག་ཡོངས་ལ་ས་འོག་འབར་མདེལ་གཙང་སེལ་བྱས་ཏེ། གྲུ་ལམ་ཤར་གཏོང་བྱས་ཡོད་ཟེར། ཁོས་ད་དུང་བཤད་རྒྱུར། དབྱི་ལང་གིས་ཨ་རིར་དམག་འཁྲུག་གི་སྐྱིན་ཚབ་འཇལ་དགོས་པ་བཏོན་རྗེས། ཨ་རི་ཕྱོགས་ཀྱིས་ཀྱང་དབྱི་ལང་ཕྱོགས་ནས་གྱོང་གསབ་ལེན་དགོས་པ་དང་། ཁོས་ཨ་རིའི་ཕྱོགས་ཀྱི་གྲོས་མོལ་འཐུས་མིས་བླང་བྱ་འདི་དེང་ཕྱིན་གྲོས་མོལ་གྱི་གྲོས་རིམ་ཚང་མའི་ནང་དུ་འཇོག་དགོས་པའི་མཛུབ་སྟོན་བྱས་ཡོད་ཟེར།
དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅ་ཨའེ་ཡིས་ཉིན་དེར་བསྟན་དོན། ཨ་རིས་དབྱི་ལང་ལ་མཚོ་ཐོག་བཀག་སྡོམ་བྱས་པ་མ་ཟད། དམག་དོན་གྱི་བྱ་སྤྱོད་སྤེལ་བ་ནི་ཧོ་འར་མོ་ཙི་མཚོ་འགག་གིས་བདེ་འཇགས་ངང་མཚོ་གྲུ་ཤར་གཏོང་མ་ཐུབ་པའི་འགལ་རྐྱེན་གཙོ་བོ་ཡིན་ཟེར།
དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་གྱིས་མཐོ་རིམ་དམག་དོན་མི་སྣའི་བསྐོ་གཞག་བཀའ་རྒྱ་མང་པོར་མིང་རྟགས་བཀོད།
དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་གཞུང་སྒྲུབ་ཁང་གིས་ཚེས10ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐ་པ་ཡིས་བསྐོ་གཞག་བཀའ་རྒྱ་མང་པོར་མིང་རྟགས་བཀོད་དེ། དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་དང་། དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་དང་དམངས་དམག་དྲག་ཆས་ཀྱི་མཐོ་རིམ་མི་སྣ་བཅས་ལེགས་སྒྲིག་བྱས། དེའི་ནང་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གི་དམག་འཛིན་ཆུང་བ་ཨ་ལི·ཨ་པུའུ་ཏུའུ་ལ་ཞི་ཡིས་དྲག་ཆས་དཔུང་སྡེ་སྤྱི་ཁྱབ་ཇུས་འདོན་དཔོན་གྱི་འགན་བཞེས་པ་དང་། ཨའེ་ཧ་མའེ་ཏི·ཝ་ཞི་ཏི་ཡིས་དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་གི་སྤྱི་ཁྱབ་དམག་སྤྱིའི་འགན་ཁུར།
དབྱི་ལང་སྨྱན་སྦྱོར་གྱིས་ཚེས10ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་ལང་གི་སྲིད་འཛིན་ཕེ་ཙི་ཞི་ཆི་དབྱང་གིས་ཉིན་དེར་བཤད་རྒྱུར། ཁོས་ཉེ་ཆར་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐ་པ་དང་ཆུ་ཚོད7རིང་གི་གྲོས་མོལ་ཐེངས་གཅིག་བྱས་པ་དང་། མུའུ་ཅེ་ཐ་པའི“བདེ་ཐང་གི་གནས་ཚུལ་ཧ་ཅང་བཟང”ཟེར།
འཕྲིན་སྟེགས། weikangba