དབྱི་སི་རལ་གྱི་འཕྲིན་ལམ12པའི་བརྙན་འཕྲིན་ཁང་གིས་ཚེས9ཉིན་གསར་འགོད་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉེ་ཡ་ཧུའུ་ཡིས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ལཱ་ཧྥ་ཉེ་འགྲམ་གྱི་ས་ཁོངས་གསུམ་ནས་དབྱི་སི་རལ་གྱི་དམག་དཔུང་ཁྱབ་རྒྱ་ཆུང་བས་ཕྱིར་འཐེན་བྱེད་རྒྱུར་འཐད་པ་ཡིན་པའི་བརྡ་བསྟན་མོད། འོན་ཀྱང་ཉིན་དེར་བློ་འགྱུར་བ་རེད།
གསར་འགོད་ལས་དབྱི་སི་རལ་གྱི་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་བཤད་རྒྱུར། ནེ་ཐ་ཉེ་ཡ་ཧུའུ་དང་དབྱི་དམག་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཀྲ་མུས་འར་གཟའ་འཁོར་སྔོན་མར་འབྲེལ་ཡོད་གྲོས་མོལ་ལ་ཞུགས་ནས། ལཱ་ཧྥ་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུར་གྲོས་བསྡུར་བྱས་ཤིང་། དབྱི་སི་རལ་དང་ཨ་རི་གཉིས་ཀས་འབྲེལ་ཡོད་དམག་དཔུང་ཕྱིར་འཐེན་བྱེད་རྒྱུའི་འཆར་གཞིར་ཆོག་མཆན་བཀོད། འོན་ཀྱང་དབྱི་སི་རལ་རྒྱལ་སྲུང་དམག་དང་བདེ་འཇགས་ལས་ཁུངས་ཀྱིས་ཚེས9ཉིན་སྨྱན་སྦྱོར་ནས་ཤེས་གསལ་ལྟར་ན་འདིའི་ཐད་ཀྱི་བློ་འགྱུར་སོང་བ་རེད།
དབྱི་སི་རལ་གྱི་སྨྱན་སྦྱོར་མང་པོས་ཚེས9ཉིན་གྱི་གསར་འགོད་ལྟར་ན། ནེ་ཐ་ཉེ་ཡ་ཧུའུ་ཡིས་ཉིན་དེར་རྒྱལ་སྲིད་ལས་ཁུངས་ཀྱི་གྲོས་ཚོགས་སྟེང་བཤད་རྒྱུར། དབྱི་སི་རལ་གྱིས་ཨ་རིས་བཏོན་པའི་ཞི་བདེ་ཨུ་ཡོན་ལྷན་ཁང་ཟེར་བའི་ཅ་ཧྲ་ཞི་བདེ་འཆར་གཞི་དང་ལེན་མི་བྱེད་པ་མ་ཟད། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་དྲག་ཆས་དངོས་སུ་མ་གཏོར་གོང་། དབྱི་སི་རལ་གྱི་དམག་དཔུང་ཅ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་མི་སྲིད་ཟེར།
དབྱི་སི་རལ་གྱི་འཕྲིན་ལམ12པའི་བརྙན་འཕྲིན་ཁང་གི་གསར་འགོད་ལྟར་ན། ནེ་ཐ་ཉེ་ཡ་ཧུའུ་ཡི་གོང་གསལ་ལངས་ཕྱོགས་ཀྱི་འགྱུར་ལྡོག་གིས་དབྱི་སི་རལ་གྱི་བདེ་འཇགས་ལས་ཁུངས་ཧ་ལས་ཧང་སངས་སུ་བཅུག་སོང་ཟེར།
འཕྲིན་སྟེགས། weikangba