ཡོ་རོབ་མནའ་འབྲེལ་གནམ་གཤིས་ལྟ་ཞིབ་ཚད་ལེན་ལས་ཁུངས་ཀྱི་ཀི་པའེ་ནེ་གནམ་གཤིས་འགྱུར་ལྡོག་ཞབས་ཞུ་ཅུས་ཀྱིས་ཚེས10ཉིན་བསྒྲགས་པའི་སྤྱི་བསྒྲགས་ལྟར་ན། ད་ལོའི་ཟླ7པར་འཛམ་གླིང་གི་རྒྱ་མཚོའི་ངོས་ཀྱི་དྲོད་ཚད་ཀྱིས་ཟིན་ཐོར་བཀོད་པའི་ཚུན་གྱི་དུས་མཉམ་ལས་ཆེས་མཐོ་བར་སླེབས།
སྤྱི་བསྒྲགས་ལས་བཤད་རྒྱུར། གཞི་གྲངས་ལྟར་ན། ཟླ7པར་ལྷོ་བྱང་འཕྲེད་ཐིག་གི་ཏུའུ60བར་གྱི་གླིང་སྣེ་ས་ཁུལ་གྱི་ཕྱིའི་མཚོ་ཁོངས་ཀྱི་ཆ་སྙོམས་རྒྱ་མཚོའི་ངོས་ཀྱི་དྲོད་ཚད་ཏུའུ་ཉི་ཤུ་གྲངས་ཆུང་དགུ་དྲུག་ལ་སླེབས་པ་དང་། 2023ལོའི་ཟླ7པའི་ཚུན་གྱི་ཆེས་མཐོའི་ཟིན་ཐོ་ཉི་ཤུ་གྲངས་ཆུང་བརྒྱད་དགུ་ལས་བརྒལ། ཚ་རྒྱུད་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་ཁྱབ་རྒྱ་ཆེ་བའི་མཚོ་ཁོངས་ཀྱི་ཆུ་དྲོད་རྒྱུན་ལྡན་ལས་མཐོ་བ་དང་། ཨུ་འར་ནེ་ནོ་རྣམ་པ་ས་ཁོངས་འདི་རུ་འཕེལ་རྒྱས་ཕྱིན་པ་དང་། སྔོན་རྩི་བྱས་ན་མ་འོངས་པའི་ཟླ་འགའི་རིང་ད་རུང་མུ་མཐུད་དུ་ཆེ་རུ་འགྲོ་རྒྱུ་རེད།
སྤྱི་བསྒྲགས་ལས་བཤད་རྒྱུར། འཛམ་གླིང་ཡོངས་ནས་བལྟས་ན། ད་ལོའི་ཟླ7པར2024ལོའི་ཟླ7པ་དང་མཉམ་དུ་ཟིན་ཐོར་བཀོད་པའི་ཚུན་གྱི་ཚ་བ་ཐེངས་གཉིས་པའི་ཟླ7པར་སླེབས་ཤིང་། 2023ལོ་ལས་དམའ་བ་ཡིན། ཟླ7པར་འཛམ་གླིང་ཡོངས་ཀྱི་ཆ་སྙོམས་ས་ངོས་དྲོད་ཚད་ཏུའུ16.9ཡིན་པ་དང་། བཟོ་ལས་ཅན་གྱི་སྔོན1850ལོ་ནས1900ལོའི་བར་གྱི་ཆ་སྙོམས་ཆུ་ཚད་ལས་ཏུའུ་གཅིག་གྲངས་ཆུང་བཞི་བདུན་གྱི་མཐོ།
ཡོ་རོབ་ནུབ་མའི་ད་ལོའི་ཟླ6པ་ནས་ཟླ7པའི་ཆ་སྙོམས་དྲོད་ཚད་ཀྱིས་ཟིན་ཐོར་བཀོད་ཡོད་པའི་ཚུན་གྱི་དུས་མཉམ་གྱི་ཆེས་མཐོ་བ་ཟིན། ཀི་པའེ་ནེ་གནམ་གཤིས་འགྱུར་ལྡོག་ཞབས་ཞུ་ཅུས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་ནུབ་མའི་ཟླ་འདི་གཉིས་རིང་གི་ཆ་སྙོམས་དྲོད་ཚད་ཏུའུ་ཉེར་གཅིག་གྲངས་ཆུང་དྲུག་གཉིས་ལ་སླེབས་ནས། 1991ལོ་ནས2020ལོའི་བར་གྱི་དུས་མཉམ་གྱི་ཆ་སྙོམས་ཆུ་ཚད་ལས་ཏུའུ་གཉིས་གྲངས་ཆུང་བདུན་དགུ་ཡི་མཐོ་བ་མ་ཟད། 2022ལོའི་ཟིན་ཐོ་ལས་བརྒལ།
སྤྱི་བསྒྲགས་ལས་བཤད་རྒྱུར། ཐན་པ་བྱུང་བའི་གནམ་གཤིས་ཀྱིས་ཟླ7པར་ཡོ་རོབ་གླིང་གི་ནུབ་རྒྱུད་དང་དབུས་རྒྱུད་ལ་བསྟུད་མར་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་གྱུར། ཧྥ་རན་སེ་དང་སི་ཕེན། དེ་བཞིན་འཇར་མན་དང་དབྱིན་ཇི་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབབ་ཚད་དང་ཡང་ན་ས་རྒྱུ་བརླན་གཤེར་ཚད་རྒྱུན་ལྡན་ལས་དམའ། ཡོ་རོབ་གླིང་གི་ས་གནས་མང་པོའི་གཙང་ཆུའི་བཞུར་ཚད་ཆ་སྙོམས་ཀྱི་ཆུ་ཚད་ལས་མངོན་གསལ་གྱིས་དམའ། སའེ་ན་གཙང་བོ་དང་ལའེ་ཡུན་གཙང་བོ། ཏོ་ནའོ་གཙང་བོ་བཅས་ཀྱི་ཆུ་གནས་མར་ཆག་པ་ལྷག་ཏུ་མངོན་གསལ་རེད། རྒྱལ་ཁབ་མང་པོའི་ཆུ་འདོན་དང་ཞིང་ལས་ཆུ་འདྲེན། ནང་ཁུལ་གཙང་བོའི་མཚོ་འགྲུལ། སྐྱེ་ཁམས་མ་ལག་དང་ནུས་ཁུངས་ཐོན་སྐྱེད་སོགས་ལ་གནོན་ཤུགས་བྱིན་ཡོད།
འཕྲིན་སྟེགས། weikangba