ཨུ་རུ་སུ་དང་ཝུའུ་ཁི་ལིན་ཕན་ཚུན་བར་འཇབ་རྒོལ་བྱས་ཏེ་ཤི་རྨས་མང་པོ་ཐེབས།

2026-08-11
268

ཨུ་རུ་སུའི་པེ་འར་ཀི་ལོ་ཏི་མངའ་སྡེ་ཡི་ལས་ཚབ་འགོ་གཙོ་ཡ་ལེ་ཧྲན་ཏ.ཧྲོ་ཝ་ཡེ་ཧྥུའུ་ཡིས་ཚེས9ཉིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་བཤད་རྒྱུར། འདས་པའི་དུས་ཚོད24ཡི་རིང་། ཝུའུ་ཁི་ལན་གྱི་དམག་དཔུང་གིས་མངའ་སྡེ་དེ་རུ་འཇབ་རྒོལ་ཐེངས146བྱས་ནས་མི3རྐྱེན་ལམ་དུ་ཤོར་ཞིང་། མི25ལ་རྨས་ཕོག་ཡོད།

ཧྲོ་ཝ་ཡེ་ཧྥུའུ་ཡིས་བཤད་རྒྱུར། འཇབ་རྒོལ་ལས་ད་རུང་རླངས་འཁོར་དང་ཁང་བ་འགའ་ཤས་མེར་ཤོར་བ་དང་། སྲིད་འཛིན་དང་ཚོང་ལས་སྒྲིག་བཀོད་འབོར་ཆེན་ལའང་གཏོར་བརླག་བཟོས། ཨུ་རུ་སུའི་མཁའ་ཟོན་དཔུང་སྡེ་ཡིས་འདས་པའི་དུས་ཚོད24ཡི་རིང་མི་མེད་གནམ་གྲུ162སར་འཕངས།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས9ཉིན་དམག་འཁྲུག་གི་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཨུ་རུ་སུའི་དམག་གིས་ཝུའུ་ཁི་ལན་གྱི་གྲུ་ཁ་དང་གྲུ་གཟིངས་ལ་རྡུང་རྡེག་བཏང་བ་དང་། དེའི་ནང་དུ་ཨའོ་ཏི་ས་གྲུ་ཁ་དང་ཆེ་འར་ནོ་མོ་སི་ཁི་གྲུ་ཁའི་འབར་རྫས་འདོན་འཇུག་དང་གསོག་ཉར་ལ་བཀོལ་བ། དམག་སྤྱོད་དངོས་ཟོག་སོགས་ཀྱི་སྒྲིག་བཀོད་འདུས་ཡོད།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལིན་སི་ཅེ་ཡིས་ཚེས9ཉིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཚེས8ཉིན་གྱི་དགོང་མོ་ནས་ཚེས9ཉིན་གྱི་ནངས་མོའི་བར། ཨུ་རུ་སུའི་དམག་གིས་ཨའོ་ཏི་ས་དང་ཧ་འར་ཁི་ཧྥུའུ། ཏེ་ནེ་པོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི། ཅི་ཧྥུའུ་སོགས་ས་ཆ་མང་པོ་རུ་གཞི་རྒྱ་ཆེ་བའི་མཁའ་རྒོལ་བྱས་ཏེ། ཝུའུ་ཁི་ལན་གྱི་གྲུ་ཁའི་སྒྲིག་བཀོད་དང་ས་ཆ་མང་པོའི་སྡོད་ཁང་ཐོག་ཁང་དང་། ཉོ་ཚོང་ལྟེ་གནས། ནུས་ཁུངས་སྒྲིག་བཀོད་སོགས་ལ་གཏོར་བརླག་ཐེབས། ཚེས9ཉིན་གྱི་སྔ་དྲོའི་བར། འཇབ་རྒོལ་ལས་ཉུང་མཐར་ཡང་མི2རྐྱེན་ལམ་དུ་ཤོར་ཞིང་། མི་བཅུ་ཕྲག་ལ་རྨས་ཕོག་ཡོད།

ཙི་ལིན་སི་ཅེ་ཡིས་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་རིང་། ཨུ་རུ་སུའི་དམག་གིས་ཝུའུ་ཁི་ལན་གྱི་རྒྱལ་ཁོངས་ལ་འཕུར་མདེལ61འཕེན་གཏོང་བྱས་པ་དང་། དེའི་ཁྲོད་མདེལ་ལམ་འཕུར་མདེལ56འཕངས་ཡོད། དེ་ལས་གཞན་ད་རུང་མི་མེད་གནམ་གྲུ1560དང་མཁའ་སྐྱོད་འགད་རྫས1540འཕེན་གཏོང་བྱས་ཡོད།



  • 顶