དབྱི་ལང་གི་སྲིད་འཛིན་གྱིས་མཐུན་སྒྲིལ་ནི་མིག་སྔའི་གནས་བབ་ལ་མཚོན་ནས་བཤད་ན་གལ་འགངས་ཆེ་བ་ཞིག་ཡིན་པ་ནན་བཤད་བྱས།

2026-07-23
245

དབྱི་ལང་མའེ་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་ལང་གི་སྲིད་འཛིན་ཕེ་ཙེ་ཞི་ཆི་དབྱང་གིས་ཉིན་དེར། མིག་སྔར་དབྱི་ལང་གིས་ངེས་པར་དུ་ནང་ཁུལ་གྱི་མཐུན་སྒྲིལ་དང་གཅིག་སྡུད་སྟོབས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ལས། གྲོས་མོལ་གྱི་གྲུབ་འབྲས་ལ་གང་བྱུང་དུ་དམའ་འབེབས་གཏོང་མི་རུང་ཟེར།

ཕེ་ཙེ་ཞི་ཆི་དབྱང་ཉིན་དེར་དབྱི་ལང་གི་རྒྱལ་ཡོངས་བཟོ་ཚོགས་དང་གཏེར་ལས་ཉིན་མོའི་རྗེས་དྲན་བྱེད་སྒོར་ཞུགས་སྐབས་བཤད་རྒྱུར། དབྱི་ལང་ཕྱོགས་ཀྱིས་གྲོས་མོལ་ཁྲོད་དུ་ཧོ་ཨར་མུའུ་ཙི་མཚོ་འགག་ཡང་བསྐྱར་སྒོ་འབྱེད་པ་དང་། རྡོ་སྣུམ་ཕྱིར་གཏོང་འགག་སྒོ་སླར་གསོ་བྱེད་པ་སོགས་དོན་དག་གལ་ཆེན་ལ་རིམ་བཞིན་སྐུལ་འདེད་གཏོང་གིན་ཡོད། ཨ་རིའི་ཕྱོགས་གྲོས་མཐུན་དང་འགལ་ཡང་། དབྱི་ལང་གིས་འབྲེལ་ཡོད་འཕེལ་རིམ་ཁྲོད་དུ་གྲུབ་འབྲས་ལོན་བཞིན་པ་མ་ཟད་སྔོན་དཔག་ལས་བརྒལ་བར་བྱས་ཡོད་ཟེར།

ཕེ་ཙེ་ཞི་ཆི་དབྱང་གིས་བཤད་རྒྱུར། དབྱི་ལང་རྒྱལ་ཁབ་ནང་ཁུལ་ནས་གྲོས་མོལ་གྱི་བྱེད་ཐབས་དང་གྲུབ་འབྲས་ལ་དམིགས་ནས་གྲོས་སྡུར་བྱས་ཆོག་ཀྱང་། ཆེད་ལས་མིན་པའི་གཏམ་བཤད་སྤེལ་ནས་གྲོས་མོལ་གྱི་གྲུབ་འབྲས་ལ་དམའ་འབེབས་གཏོང་མི་རུང་ཟེར། ཁོས་བཤད་རྒྱུར། མཐུན་སྒྲིལ་དང་ནང་ཁུལ་གྱི་གཅིག་སྡུད་སྟོབས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ནི་དབྱི་ལང་གི་མིག་སྔའི་གནས་བབ་ལ་མཚོན་ནས་བཤད་ན་གལ་འགངས་ཆེ་བ་ཞིག་ཡིན་ཟེར།

ཉེ་ལམ་གྱི་འགལ་བ་གླེང་སྐབས་ཕེ་ཙེ་ཞི་ཆི་དབྱང་གིས་བཤད་རྒྱུར། དགྲ་ཕྱོགས་ཀྱིས་ནང་ཁུལ་གྱི་གནོན་ཤུགས་དང་སྤྱི་ཚོགས་ཟང་ཟིང་དུ་བཏང་བར་བརྟེན་ནས་དབྱི་ལང་ཅི་བྱ་བརྟོལ་མེད་དུ་གཏོང་འདོད་པ་ཡིན་ཡང་། དབྱི་ལང་གི་ཐོན་སྐྱེད་མཁན་དང་བཟོ་ལས་སྡེ་ཁག་གིས་དམག་འཁྲུག་སྐབས་སུ་དངོས་རྫས་མཁོ་འདོན་སྲུང་འཛིན་བྱས་ཏེ། རང་རྒྱལ་ཁབ་དུ་གས་ཁ་ཤོར་བར་གཡོལ་ཐབས་བྱས་ཡོད་ཟེར། ཁོས་བཤད་རྒྱུར། དགྲ་ཕྱོགས་ཀྱི་ནུས་ཁུངས་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་འཇབ་རྒོལ་ལས་དབྱི་ལང་གི་གློག་ཤུགས་དང་ནུས་ཁུངས་མཁོ་འདོན་དཀའ་ཁག་ལ་འཕྲད་དུ་བཅུག་ཀྱང་། སྲིད་གཞུང་གིས་སྲིད་འཛིན་སྡེ་ཁག་དང་མཐུན་སྦྱོར་བྱས་ཤིང་མང་ཚོགས་ཀྱི་གཞོགས་འདེགས་བརྩོན་ལེན་བྱས་ནས། གཞི་རྩའི་གློག་འདོན་དང་ཐོན་སྐྱེད་གོ་རིམ་སྲུང་འཛིན་ཐུབ་པར་བྱས་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།


  • 顶