ཕ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས21ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་པོར་བར་སྣང་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་ཕ་ལེ་སི་ཐན་གྱི་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་པོར་རྨས་ཕོག་ཡོད།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་མཁར་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་ཕོག ཅཱ་ཧྲ་ས་ཁུལ་དབུས་ཕྱོགས་ནུའུ་སེ་ལེ་ཐི་ཡུལ་གྱར་བའི་སྒར་སའི་རླངས་འཁོར་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བཞི་ལ་རྨས་ཕོག
ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གིས་ཚེས21ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ལས་སྒྲུབ་མི་སྣས་ཉིན་དེའི་ཞོགས་པར་ཅཱ་ཧྲ་མཁར་གྱི་བར་སྣང་འཇབ་རྒོལ་ཐེབས་པའི་སྡོད་ཁང་གི་ཞིག་རོའི་ཁྲོད་དུ་བེམ་པོ་དྲུག་རྙེད་པ་དང་། དེ་དག་ནི་བཟའ་ཟླ་གཉིས་དང་ཁོ་གཉིས་ཀྱི་བྱིས་པ་བཞི་རེད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དབྱི་སི་རལ་གྱི་མི་མེད་གནམ་གྲུས་སྡོད་དམངས་ཐོག་ཁང་དེར་འཕུར་མདེལ་གསུམ་འཕངས་ཟེར།
ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ལས་ཁྱིམ་ཚང་གཅིག་གི་བཟའ་མི་དྲུག་རྐྱེན་ལམ་དུ་ཤོར་བ་དེ་ནི་མངོན་སུམ་འཛེམ་མེད་ཀྱིས་འཁྲུག་རྩོད་སློང་བའི་ནག་ཉེས་ཡིན་ཞེས་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སྣང་མེད་དུ་བཞག་པ་དང་རྒྱུན་ཆད་མེད་པར་མི་སེར་དཀྱུས་མར་རིགས་རྒྱུད་ཚར་གཅོད་ཀྱི་བྱེད་ཐབས་ལག་བསྟར་བྱས་པར་སྐྱོན་འཛུགས་བྱས། ཧ་མ་སི་ཡིས་ཨ་རབ་དང་དབྱི་སི་ལན་གྱི་རྒྱལ་ཁབ་གཞན་དག་གིས་བྱ་སྤྱོད་སྤེལ་ནས། ཅཱ་ཧྲ་ས་ཁུལ་གྱི་དམར་གསོད་བཀག་འགོག་བྱེད་དགོས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཐབ་འཁྲུག་ཉེས་ཅན་གྱི་འགན་འཁྲི་རྩད་གཅོད་བྱེད་པར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བཏང་།
དབྱི་སི་རལ་གྱིས་དེའི་ཐད་ལ་ཕྱིར་ལན་ཅི་ཡང་བཏབ་མེད།
ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས21ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། 2025ལོའི་ཟླ་བཅུ་པར་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་དང་པོའི་གྲོས་མཐུན་ནུས་ལྡན་དུ་གྱུར་བ་ནས་བཟུང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་བྱ་སྤྱོད་ལས་མི་སྟོང་གཅིག་དང་བརྒྱ་དང་རེ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གསུམ་དང་བདུན་བརྒྱ་གོ་བརྒྱད་ལ་རྨས་ཕོག་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba