ཨན་ཏིས་སི་ཐུན་མོང་ཚོགས་པས་རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཨན་གྱི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་མཐོ་རིམ་བྱ་བའི་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཚེས14ཉིན་ཨན་ཏིས་སི་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨེ་ཀྭ་ཏོར་གྱི་རྒྱལ་ས་ཅི་ཏའོ་ནས་བསྡུས། གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་འགུལ་སྐྱོད་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཅན་གྱི་ནག་ཉེས་རྩ་འཛུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་རེད།
ཨེ་ཀྭ་ཏོར་གྱི་ཕྱི་འབྲེལ་དང་སྡོད་དམངས་གནས་སྤོར་ལས་དོན་པུའུ་ཡིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། པའོ་ལེ་ཝེ་ཡཱ་དང་ཁོ་ལོམ་པུ་ཡཱ། ཨེ་ཀྭ་ཏོར། ཕའེ་རུ་བཅས་ཀྱི་འཐུས་མིས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་སྒོ་ནས་གྲོས་ཚོགས་ལ་ཞུགས་པ་དང་། གཙོ་བོ་ཨན་ཏིས་སི་ཐུན་མོང་ཚོགས་པའི་གྲོས་ཆོད922པ་གཏན་འབེབས་གཞིར་བཟུང་བའི་འགུལ་སྐྱོད་འཆར་གཞིའི་དུས་རིམ་དང་པོའི་ལག་བསྟར་འཕེལ་རིམ་ལ་དཔྱད་འཇོག་བྱེད་པ་དང་། དུས་རིམ་གཉིས་པའི་བྱ་བའི་གཙོ་གནད་གཏན་འཁེལ་བྱས་ཡོད་ཟེར།
ཨེ་ཀྭ་ཏོར་གྱི་ཕྱི་འབྲེལ་པུའུ་ཡི་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ལས་དོན་གྱི་པུའུ་ཀྲང་གཞོན་པ་ཧྥུའུ་ནེ་ལེ་ཡིས་བསྟན་དོན། རྩ་འཛུགས་ཡོད་པའི་ནག་ཉེས་བྱ་སྤྱོད་ཀྱི་ཁྱབ་ཁོངས་དེ་དུག་རྫས་ལྐོག་འཚོང་བྱ་འགུལ་ཁོ་ན་ཙམ་མ་ཡིན་པར། ཁྲིམས་འགལ་གྱི་དཔལ་འྦཡོར་གཞན་པར་འབྲེལ་བ་ཡོད་ཅིང་། ཨན་ཏིས་སི་ཐུན་མོང་ཚོགས་པའི་རྒྱལ་ཁབ་བདེ་འཇགས་དང་གཏན་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་པས། ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་འབྲེལ་དང་མཐུན་སྦྱོར་བྱས་ཏེ་མཉམ་དུ་གནད་དོན་དེ་ཐག་གཅོད་བྱེད་དགོས་ཟེར།
སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། གནས་ཚུལ་དེ་འདྲའི་འོག ཨེ་ཀྭ་ཏོར་ཕྱོགས་ཀྱིས་འགུལ་སྐྱོད་འཆར་གཞིའི་དུས་རིམ་གཉིས་པར་ཁྲིམས་འགལ་གྱི་གཏེར་འདོན་དང་ཁྲིམས་འགལ་གྱི་མཚོན་ཆའི་ཉོ་ཚོང་། མི་སྣའི་ལྐོག་འཚོང་། གནས་སྤོར་སྡོད་དམངས་ལྐོག་ནས་སྐྱེལ་འདྲེན་བྱེད་པ་བཅས་ལ་ཆམ་ཕབ་གཏོང་བ་དེ་མཉམ་ལས་ཁ་ཕྱོགས་གཙོ་བོར་བྱེད་དགོས་པའི་གྲོས་གཞི་བཏོན།
ཨན་ཏིས་སི་ཐུན་མོང་ཚོགས་པ་དེ1969ལོའི་ཟླ5བར་བཙུགས་པ་དང་། ལཱ་ཏེན་མེ་གླིང་ས་ཁུལ་གྱི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་རྩ་འཛུགས་གལ་ཆེན་ཞིག་ཡིན་ཞིང་། ད་ལྟ་ཕའེ་རུ་དང་ཨེ་ཀྭ་ཏོར། ཁོ་ལོམ་པུ་ཡཱ། པའོ་ལེ་ཝེ་ཡཱ་བཅས་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་བཞི་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba