ཨུ་རུ་སི་ཡིས་དང་བླངས་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་དུ་དམག་དཔུང་བཀོད་སྒྲིག་བྱས་པ་དང་ལེན་བྱེད་ཐབས་མེད་ཚུལ་བསྟན།

2026-07-17
404

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས15ཉིན་མའོ་སི་ཁོ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སིར་མཚོན་ན། དང་བླངས་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་དུ་དམག་དཔུང་བཀོད་སྒྲིག་བྱེད་པའི་གནས་ཚུལ་གང་ཡིན་ཡང་དང་ལེན་བྱེད་ཐབས་མེད་ཟེར།

ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། དམག་དོན་སྟོབས་ཤུགས་རེ་འགས་བཀོད་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ཡོད་ཅིང་། ཨུ་རུ་སིའི་མདུན་དུ་ལྷགས་པའི་བདེ་འཇགས་འཇིགས་ཉེན་ཇེ་སེར་གཏོང་སྲིད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་དམག་དཔུང་དེ་དག་ཁྲིམས་མཐུན་གྱི་ཆམ་ཕབ་གཏོང་སའི་དམིགས་འབེན་དུ་བྱེད་ངེས་ཡིན་ཟེར།

ཀྲ་ཧཱ་ལོ་ཝ་ཡིས་ད་རུང་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་དག་གིས་བསྟུད་མར་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་པ་ནི་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་བཀག་རྒྱ་ཡིན། འཁྲུག་རྩོད་མཇུག་སྒྲིལ་དགོས་ན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ངེས་པར་དུ་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་མཚམས་འཇོག་དགོས་ཟེར།

ཐཱ་སི་གསར་འགྱུར་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་དེའི་སྔོན་དང་བླངས་མནའ་འབྲེལ་གྱི་རྩེ་ཚོགས་སྟེང་བསྟན་དོན། དང་བླངས་མནའ་འབྲེལ་གྱི་དམག་དཔུང་བཀོད་སྒྲིག་བྱེད་པའི་འཆར་གཞིར་གྲ་སྒྲིག་བྱས་ཡོད་པ་དང་། རྗེས་ཀྱི་ཟླ་ངོ་འགའི་ནང་། དམག་དཔུང་དེ་དག་གིས་ཝུའུ་ཁི་ལན་གྱི་ཡོ་རོབ་གླིང་དང་འབྲེལ་བའི་རྒྱལ་ཁབ་དག་ནས་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར།

དང་བླངས་མནའ་འབྲེལ་ལ་ཧྥ་རན་སི་དང་དབྱིན་ཇི་ཡིས་གཙོ་ཁྲིད་བྱེད་པ་དང་། དམིགས་ཡུལ་ནི་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱས་ཏེ། ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་རེད། མནའ་འབྲེལ་དེས་ཚེས13ཉིན་ཕཱ་རེ་སི་ནས་རྩེ་ཚོགས་བསྡུས།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶