ཨ་སེ་པེད་ཅང་གི་སྲིད་འཛིན་ཨ་ལེ་ཡེ་ཧྥུའུ་ཡིས་ཚེས13ཉིན་བསྟན་དོན། ཨ་སེ་པེད་ཅང་དང་ཀྲུང་གོའི་འབྲེལ་བའི་རིམ་པ་དེ་ན་ནིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་བྱུང་བའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ཤུགས་ཚད་སྔར་ལས་ཇེ་ཆེར་སོང་ལ། སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ཀྱིས་ཨ་སེ་པེད་ཅང་དུ་ལས་སྒོ་སྤེལ་བཞིན་ཡོད་ཟེར།
ཚོགས་ཡུན་ཉིན་གཉིས་ཡིན་པའི་སྐབས་བཞི་བའི་ཧྲུའུ་ཧྲ་གོ་ལ་ཧྲིལ་བོའི་སྨྱན་བྱད་གླེང་སྟེགས་ཚེས13ཉིན་ཨ་སེ་པེད་ཅང་གི་ཧྲུའུ་ཧྲ་གྲོང་ཁྱེར་ནས་སྤེལ་མགོ་བརྩམས། རྒྱལ་ཁབ53ནས་ཡོང་བའི་སྐུ་མགྲོན160ཉིན་དེའི་བྱ་འགུལ་ལ་ཞུགས། ཨ་ལེ་ཡེ་ཧྥུའུ་ཡིས་གླེང་སྟེགས་བྱ་འགུལ་སྟེང་གསར་འགོད་པའི་དྲ་བར་ལན་འདེབས་སྐབས་བཤད་རྒྱུར། ཀྲུང་གོའི་ཁེ་ལས་ཀྱིས་ཨ་སེ་པེད་ཅང་གི་དངུལ་གཏོང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། ཀྲུང་གོའི་ཁེ་ལས་སྐོར་ཞིག་ཨ་སེ་པེད་ཅང་གི་རྨང་གཞིའི་སྒྲིག་ཆས་རྣམ་གྲངས་མང་བོའི་འཛུགས་སྐྲུན་ཁྲོད་ཞུགས་ཡོད་ཟེར།
ཨ་ལེ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཁོས་ན་ནིང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་སྐབས། ཀྲུང་གོའི་ཁེ་ལས་ཆེ་གྲས་ཀྱི་འགན་ཁུར་བ་མང་བོར་ཐུག་འཕྲད་བྱས་མྱོང་། ཨ་སེ་པེད་ཅང་དུ་འཕེལ་རྒྱས་བྱེད་བཞིན་པའི་ཀྲུང་གོའི་ཁེ་ལས་ཀྱི་བྱ་བའི་བྱེད་ནུས་མཐོ་བ་དང་། ཨ་སེ་པེད་ཅང་གི་བྱེད་སྒོ་སྔར་ལས་རྒྱ་བསྐྱེད་བཞིན་ཡོད་ཟེར།
ཨ་ལེ་ཡེ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཨ་སེ་པེད་ཅང་གིས་ཉི་འོད་ནུས་པའི་གློག་འདོན་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། རྣམ་གྲངས་དེར་བཀོལ་བའི་ཉི་འོད་ཤེལ་ལེབ་ཚང་མ་ཀྲུང་གོས་བཟོས་པ་ཡིན། རྒྱུ་སྤུས་དང་རིན་གོང་གང་ཡིན་ཡང་རྒྱལ་ཁབ་གཞན་པའི་ཐོན་རྫས་ཀྱིས་ཀྲུང་གོའི་ཐོན་རྫས་ཀྱི་དོ་ཡ་ཡོང་ཐབས་མེད་ཟེར།
ཨ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། ཨ་སེ་པེད་ཅང་དང་ཀྲུང་གོའི་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ནི་པུས་ཡཱ་ཏིས་དང་མཉམ་འབྲེལ་སྒོས་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་ཐོན་སྐྱེད་བྱས་པ་དེ་ཡིན། མིག་སྔར་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་བཀོལ་སྤྱོད་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba