ཨ་མེ་རི་ཁའི་དམག་དཔུང་གིས་ཚེས14ཉིན་དབྱི་ལང་གི་མཚོ་ཐོག་བཀག་སྡོམ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

2026-07-15
411

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས13ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་མཛུབ་སྟོན་ལྟར། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས14ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་ནས་བཟུང་དབྱི་ལང་གི་མཚོ་ཐོག་བཀག་སྡོམ་འགུལ་སྐྱོད་སླར་གསོ་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་ལང་གྲུ་ཁ་དང་མཚོ་འགྲམ་ས་ཁུལ་བརྒྱུད་པའི་གྲུ་གཟིངས་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་མ་ཟད། མུ་མཐུད་དུ་བཀག་སྡོམ་གཏན་འཁེལ་དང་འགལ་མེད་པའི་གྲུ་གཟིངས་ཚང་མ་ཆུ་ཁོངས་དེར་འགྲུལ་བཞུད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཟླ4བའི་ཚེས13ཉིན་ནས་ཟླ6པའི་ཚེས18ཉིན་བར་དབྱི་ལང་ལ་མཚོ་ཐོག་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དང་། སྐབས་ཐོག་དེར་གཏན་འཁེལ་ལ་འགལ་མེད་པའི་གྲུ་གཟིངས140ལྷག་ལ་ལམ་ཐིག་བསྒྱུར་དུ་བཅུག་པ་དང་། གཏན་འཁེལ་དང་འགལ་བའི་གྲུ་གཟིངས་དགུར་འགྲུལ་བཞུད་ཀྱི་ནུས་པ་ཉམས་པར་བྱས་ཡོད་ཟེར།

ཉིན་དེའི་སྔ་དྲོར། ཐི་ལིང་ཕུའུ་ཡིས་སྨྱན་བྱད་ལ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁས་དབྱི་ལང་གི་མཚོ་ཐོག་བཀག་སྡོམ་སླར་གསོ་བྱེད་རྒྱུ་མ་ཟད། ཧའོ་ཨར་མུའུ་ཙི་མཚོ་འགག་བརྒྱུད་དེ་སྐྱེལ་འདྲེན་བྱེད་པའི་དངོས་ཟོག་ཚང་མར་བརྒྱ་ཆའི་ཉི་ཤུའི་གླ་ཡོན་ལེན་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶