ཨ་མན་གྱིས་དབྱི་ལང་བར་མུ་མཐུད་དུ་ཧོ་ཨར་མུའུ་ཙི་མཚོ་འགག་གི་གནད་དོན་ཐད་གྲོས་མོལ་བྱེད་རྒྱུར་འཐད་པ་བྱུང་།

2026-07-13
446

ཨ་མན་གསར་འགྱུར་ཁང་གིས་ཚེས11ཉིན་བསྒྲགས་པ་ལྟར་ན། ཨ་མན་གྱིས་དབྱི་ལང་བར་མུ་མཐུད་དུ་ཧོ་ཨར་མུའུ་ཙི་མཚོ་འགག་གི་གནད་དོན་ཐད་ནས་ལག་རྩལ་དང་ཆབ་སྲིད་རིམ་པའི་གྲོས་མོལ་བྱས་ཏེ། རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་དགོས་ངེས་ཀྱི་ཐུན་མོང་ངོས་འཛིན་གྲུབ་པར་བྱེད་འདོད་ཡོད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀི་ཆི་ཡིས་ཉིན་དེར་འཚམས་འདྲིའི་ཚོགས་པ་ཁྲིད་དེ་ཨ་མན་དུ་འཚམས་འདྲི་བྱས། ཕྱོགས་གཉིས་ཀྱིས་ཨ་མན་གྱི་རྒྱལ་ས་མཱ་སི་ཁ་ཐི་རུ་གྲོས་མོལ་བྱས་པ་དང་།   མིག་སྔའི་དོན་རྐྱེན་འཕེལ་རྒྱས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཧོ་ཨར་མུའུ་ཙི་མཚོ་འགག་གི་མཚོ་འགྲུལ་བདེ་འཇགས་ལ་འགན་ལེན་བྱེད་པ་སོགས་གྲོས་དོན་ཐད་གྲོས་བསྡུར་བྱས།

ཨ་མན་དང་དབྱི་ལང་གིས་ཟླ6པའི་ཚེས23ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་བར་གྱི་མཉམ་འབྲེལ་བྱ་བའི་ཚན་ཆུང་ཞིག་བརྒྱུད་དེ་གླེང་མོལ་རྒྱུན་འཁྱོངས་བྱས་ནས།   ཧོ་ཨར་མུའུ་ཙི་མཚོ་འགག་གི་མ་འོངས་པའི་མཚོ་འགྲུལ་དོ་དམ་དང་ཞབས་ཞུ་འདོན་སྤྲོད། དེ་བཞིན་འབྲེལ་ཡོད་གླ་རིན་ཐད་ནས་ཐུན་མོང་གི་ངོས་འཛིན་གྲུབ་པར་འཐད་པ་བྱུང་ཡོད་ཟེར། རྒྱལ་ཁབ་གཉིས་ཀྱིས་ཟླ6པའི་ཚེས29ཉིན་མཱ་སི་ཁ་ཐི་ནས་འབྲེལ་ཡོད་གྲོས་དོན་ཐད་ཀྱི་གྲོས་ཚོགས་ཐོག་མ་བསྡུས།

ཧོ་ཨར་མུའུ་ཙི་མཚོ་འགག་ནི་འཛམ་གླིང་གི་ཆེས་གལ་ཆེ་བའི་ནུས་ཁུངས་སྐྱེལ་འདྲེན་ཆུ་ལམ་གྲས་ཀྱི་གཅིག་ཡིན་པ་དང་། དབྱི་ལང་དང་ཨ་མན་གཉིས་ཀ་སོ་སོར་མཚོ་འགག་གི་འགྲམ་གཉིས་སུ་ཆགས་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།


  • 顶