པ་ཧ་མ་ཡི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི10རྐྱེན་ལམ་དུ་ཤོར།

2026-07-13
419

པ་ཧ་མ་ཧྥོ་ལ་མུན་ཀི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་ཆུང་བ་ཞིག་ཚེས10ཉིན་རྒྱལ་ཁབ་དེའི་རྒྱལ་ས་ན་སའོ་ནུབ་རྒྱུད་ཀྱི་པེ་ཨན་ཏི་ལོ་སི་གླིང་ཕྲན་དུ་སར་ལྷུང་ནས། གནམ་གྲུའི་སྟེང་གི་མི10རྐྱེན་ལམ་དུ་ཤོར།

པ་ཧ་མ་ཡི་ཉེན་རྟོག་སྤྱི་ཁྱབ་ལྟ་སྐུལ་བ་ཧྲང་ཐ.ནོ་འར་སི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དོན་རྐྱེན་བྱུང་བའི་གནམ་གྲུའི་སྟེང་འགྲུལ་བ9དང་འཕུར་སྐྱོད་པ1ཡོད། རོགས་སྐྱོབ་མི་སྣ་ཡུལ་དངོས་སུ་ཐོན་དུས་མི1ལ་ཚེ་སྲོག་གི་རྒྱུ་བ་ཅུང་ཙམ་ཡོད་མོད། འོན་ཀྱང་དེའི་རྗེས་སུ་ཚེ་ལས་འདས་པ་རེད་ཟེར།

པ་ཧ་མ་ཡི་མཁའ་འགྲུལ་དོན་རྐྱེན་བརྟག་དཔྱད་ཅུས་ཀྱིས་ཉིན་དེར་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ཐོག་མའི་ཆ་འཕྲིན་ལྟར་ན། དོན་རྐྱེན་བྱུང་བའི་གནམ་གྲུ་ནི་ལིན་ཏིན.ཕིན་ཏི་ལིན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་བ་དང་། ཧྲིན་ཨན་ཏི་ལོ་སི་གནམ་གྲུ་ཐང་དུ་འཕུར་རྩིས་ཡོད་མོད། འོན་ཀྱང་གནམ་གྲུ་འབབ་ལ་ཉེ་དུས་ཆག་སྐྱོན་བྱུང་ནས་ནགས་གསེབ་ཏུ་ལྷུང་བ་རེད།

མིག་སྔར། པ་ཧ་མ་ཡི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཧྥོ་ལ་མུན་ཀི་མཁའ་འགྲུལ་ཀུང་ཟིའི་མཁའ་འགྲུལ་འཁོར་སྐྱོད་ཚད་མཐུན་ལག་ཁྱེར་གནས་སྐབས་སུ་ཕྱིར་བསྡུ་བྱས་པ་རེད།

པ་ཧ་མ་ནི་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་ནུབ་རྒྱུད་ཅ་ལི་པི་མཚོ་ཡི་བྱང་ཟུར་ན་ཡོད་པ་དང་། གླིང་ཕྲན700ལྷག་དང་བྱུ་རུའི་བྲག་རྡོ2400ལྷག་གིས་གྲུབ་ཡོད། གནམ་གྲུ་ཆུང་བ་ནི་གླིང་ཕྲན་བར་གྱི་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་ཡིན།


  • 顶