ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱིས་ཚེས8ཉིན་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་དག་གིས2026ལོར་ཝུའུ་ཁི་ལན་ལ་རིན་ཐང་ཡོ་སྒོར་ཐེར་ཆེན་བདུན་ཡིན་པའི་དམག་དོན་སྒྲིག་ཆས་དང་དེ་མིན་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་དང་གསོ་སྦྱོང་བཅས་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། 2027ལོར་གཅིག་མཐུན་གྱི་ཆུ་ཚད་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།
བྱང་ཆིངས་རྩ་འཛུགས་ཀྱི་རྩེ་ཚོགས་ཚེས7ནས་ཚེས8ཉིན་བར་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་སྤེལ། རྩེ་ཚོགས་གྲོལ་རྗེས་ཨན་ཁཱ་ལཱ་རྩེ་ཚོགས་ཀྱི་བསྒྲགས་གཏམ་སྤེལ། བསྒྲགས་གཏམ་ལས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཨན་ཁཱ་ལཱ་ནས་མེ་སྒོར་ཐེར་ཆེན་བདུན་ལས་བརྒལ་བའི་དམག་དོན་ཉོ་བསྡུའི་གནས་ཚུལ་གསར་བ་ཁྱབ་བསྒྲགས་བྱས་པར་མ་ཟད། རྒྱལ་སྤྱིའི་བཟོ་ལས་ཀྱི་བཟོ་སྐྲུན་ནུས་པ་མཐོར་འདེགས་དང་བཟོ་ལས་ལས་རིགས་བར་གྱི་མཉམ་ལས་མྱུར་མོར་གསར་གཏོད་བྱེད་རྒྱུ་ཁས་ལེན་བྱས། བྱང་ཆིངས་རྩ་འཛུགས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ནས་མནའ་མཐུན་རྒྱལ་ཁབ་བར་གྱི་རྒྱལ་སྲུང་ཉོ་ཚོང་གི་བཀག་རྒྱ་མེད་པར་བཏང་སྟེ། བྱང་ཆིངས་རྩ་འཛུགས་ཀྱི་གྲོགས་པོའི་འབྲེལ་བ་བེད་སྤྱད་དེ་ཚད་ཆེན་པོའི་སྒོ་ནས་རྒྱལ་སྲུང་བཟོ་ལས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།
བསྒྲགས་གཏམ་དེ་ལས་བྱང་ཆིངས་རྩ་འཛུགས་ཀྱི་སྐབས་རྗེས་མའི་རྩེ་ཚོགས་སྤེལ་སའི་ས་གནས་དང་དུས་ཚོད་གསལ་བོར་བསྟན་མེད་པར་ཐེངས་རྗེས་མའི་གྲོས་མོལ་ལ་རེ་སྒུག་བྱེད་པའི་ཚུལ་ཙམ་བསྟན་ཡོད།
དབྱེ་ཞིབ་མི་སྣས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་རྒྱུན་སྲོལ་དང་མི་བསྟུན་པར2027ལོའི་རྩེ་ཚོགས་སྤེལ་བར་བསམ་བློ་གཏོང་བཞིན་ཡོད་ལ། རྒྱུ་མཚན་ནི་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོའི་བར་གྱི་ཛ་དྲག་གི་འབྲེལ་བ་ཞི་འཇགས་སུ་གཏོང་བར་རེ་བཞིན་ཡོད་པས་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba