ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་མུ་མཐུད་དུ་འབྲེལ་འདྲིས་བྱེད་རྒྱུའི་ཚུལ་བསྟན།

2026-07-08
394

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས6ཉིན་བསྟན་དོན། ཨ་མེ་རི་ཁ་ཨུ་རུ་སིའི་བར་བཀོད་པའི་ཝུའུ་ཁི་ལན་གནད་དོན་གྱི་གྲོས་མཐུན་ལ་རྒྱབ་འགལ་བྱེད་བཞིན་ཡོད་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་གྱི་གནད་དོན་དེའི་ཐད་ཀྱི་འབྲེལ་འདྲིས་མཚམས་འཇོག་མི་སྲིད་ཟེར།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཉིན་དེའི་སྔ་དྲོར་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པ་དེ་ཀུན་གྱིས་བསམ་བཞིན་པ་ལས་མགྱོགས་སྲིད་པར་འདོད། ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་དོན་དེའི་ཐད་ནས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཨུ་རུ་སི་ཡིས་བཏོན་པའི་ཇུས་གཞིའི་རྨང་གཞིའི་སྟེང་འགུལ་སྐྱོད་སྤེལ་རྩིས་ཡོད་ན། གནད་དོན་དེ་མྱུར་མོར་ཐག་གཅོད་བྱེད་ཐུབ་པ་ངོ་མ་ཡིན་ཟེར།

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་དཔོན་རིགས་ཀྱི་གཏམ་སྤྱོད་སྣ་ཚོགས་ལས། ཁོ་ཚོ་ཞི་བའི་གྲོས་མོལ་དང་འོས་འཚམ་གྱི་བྱེད་ཐབས་འཚོལ་ཞིབ་བྱེད་པ་བསྐྱུར་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་གཞོལ་བཞིན་ཡོད། ཞི་བའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་ངོ་རྒོལ་བྱེད་པའི་རྒྱལ་ཁབ་དག་གིས་གནད་དེ་བེད་སྤྱོད་བྱས་པ་ཡིན་ལ། བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པས་ཨ་མེ་རི་ཁར་འབྲེལ་བ་བྱས་ནས། འཁྲུག་རྩོད་ཀྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་རྩིས་ཡོད་ཟེར།

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བསྟན་དོན། དེ་ལྟར་ཡིན་ཡང་ཨུ་རུ་སིའི་ཕྱོགས་ཀྱིས་གནས་ཚུལ་ཅི་འདྲའི་འོག་ཏུའང་ཨུ་རུ་སི་དང་ཨ་མེ་རི་ཁའི་ཝུའུ་ཁི་ལན་གནད་དོན་ཐད་ཀྱི་འབྲེལ་འདྲིས་མཚམས་འཇོག་མི་སྲིད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་གཉིས་ཀྱིས་ངག་ཐོག་དང་ཡིག་ཐོག་ནས་འབྲེལ་འདྲིས་བྱེད་པ་སྲུང་འཛིན་བྱས་ཡོད་ཅིང་། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་བྱ་བའི་རིམ་པའི་གྲོས་མོལ་ཕལ་ཆེར་ཉིན་རེ་བཞིན་སྤེལ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་གྱིས་ཀྱང་འབྲེལ་འདྲིས་བྱེད་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶