དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མའོ་དང་ཧྥ་རན་སིའི་སྲིད་འཛིན་མ་ཁི་ལུང་གཉིས་ཀྱིས་ཚེས3ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། ཧོ་ཨར་མུའུ་ཙི་མཚོ་འགག་ནི་ཁོངས་གཏོགས་མིན་པའི་རྒྱལ་ཁབ་ཀྱི་དམག་དོན་འགྲེམ་སྟོན་བྱེད་ས་མིན། དབྱི་ལང་ཕྱོགས་ཀྱིས་དེའི་ཆུ་ལམ་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་དམག་དོན་འགུལ་སྐྱོད་གང་རུང་ལ་ངོ་རྒོལ་བྱེད་དགོས་ཟེར།
དབྱིན་ཇི་དང་ཧྥ་རན་སིའི་མཉམ་འབྲེལ་གསལ་བསྒྲགས་ནང་བཤད་རྒྱུར། ཧོ་ཨར་མུའུ་ཙི་མཚོ་འགག་ནི་འཛམ་གླིང་གི་དཔལ་འབྱོར་གྱི་གནད་འགག་རྒྱུ་ལམ་ཞིག་ཡིན་པས། མཚོ་འགག་གི་སྐྱེལ་འདྲེན་སླར་གསོ་བྱེད་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆེས་དོ་ཁུར་བྱེད་ས་ཡིན། དབྱིན་ཇི་དང་ཧྥ་རན་སི་ཡིས་སྔར་ལས་ཁྱབ་ཆེ་བའི་རྒྱལ་ཁབ་མང་བོའི་དམག་དོན་འགུལ་སྐྱོད་ལ་བཀོད་སྒྲིག་བྱེད་པ་དང་། ཧོ་ཨར་མུའུ་ཙི་མཚོ་འགག་གི་འགྲུལ་སྐྱེལ་རང་མོས་ལ་འགན་སྲུང་བྱེད་པར་གྲ་སྒྲིག་བཟང་པོ་བྱས་ཡོད་ཟེར།
ཅ་ལི་པ་པ་ཏི་ཡིས་སྤྱི་ཚོགས་སྨྱན་སྦྱོར་སྟེང་ཕྱིར་ལན་འདེབས་རྒྱུར། ཧོ་ཨར་མུའུ་ཙི་མཚོ་འགག་གི་བདེ་འཇགས་འགན་སྲུང་ཕྱོགས་ཡིན་པའི་ཆ་ནས། དབྱི་ལང་གིས་འབྲེལ་ཡོད་དམག་དོན་རྣམ་པར་ཚད་མཐོའི་དོགས་ཟོན་སྲུང་འཛིན་བྱེད་རྒྱུ་ཡིན། ཧོ་ཨར་མུའུ་ཙི་མཚོ་འགག་གི་བདེ་འཇགས་ནི་མཚོ་འགྲམ་རྒྱལ་ཁབ་ཀྱིས་མཉམ་དུ་སྲུང་སྐྱོང་བྱས་ན་འགྲིག ཉེན་ཁ་བཟོ་བའི་བྱ་སྤྱོད་གང་རུང་སྤེལ་ནས་འབྲེལ་ཡོད་ཕྱོགས་ཀྱིས་རང་འགུལ་སྒོས་དེའི་མཇུག་འབྲས་ཁུར་དུ་ལེན་དགོས། ཁོས་དུས་མཉམ་དུ་གོང་གསལ་གྱི་ཉེན་བརྡ་དེ་གཟབ་ནན་ཡིན་པ་ནན་བཤད་བྱས།
ད་ལོའི་ཟླ4པར། དབྱིན་ཇི་དང་ཧྥ་རན་སི་ཡིས་འགོག་སྲུང་རང་བཞིན་གྱི་རྒྱལ་ཁབ་མང་པོའི་འགུལ་སྐྱོད་ཅིག་གི་སྣེ་ཁྲིད་དེ་ཧོ་ཨར་མུའུ་ཙི་མཚོ་འགག་གི་འགྲུལ་སྐྱེལ་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། དེའི་རྗེས། རྒྱལ་ཁབ་གཉིས་ཀྱིས་དབུས་ཤར་ས་ཁུལ་གྱི་མཚོ་ཁོངས་སུ་དམག་ཤུགས་བཀོད་སྒྲིག་ལ་ཤུགས་སྣོན་འགོ་བརྩམས།
རིག་འཛིན་སྒྲོལ་མས་བསྒྱུར།
འཕྲིན་སྟེགས། weikangba