ཕཱ་ཁི་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཏཱ་ཨར་གྱིས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། ཞི་བའི་སྒོ་ནས་འཁྲུག་རྩོད་ཐག་གཅོད་བྱེད་པའི་འབྲེལ་ཡོད་གནད་དོན་ཐད་ནས་ཕཱ་ཁི་སི་ཐན་གྱི་འགོ་ཁྲིད་པས་ནམ་རྒྱུན་ཨ་མེ་རི་ཁའི་འགོ་ཁྲིད་བར་འབྲེལ་འདྲིས་བྱེད་བཞིན་ཡོད་པ་དང་། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཕཱ་ལེ་སི་ཐན་གྱིས་གྲོས་མོལ་ལ་སྐུལ་འདེད་གཏོང་བར་ཡིད་ཆེས་ཡོད་པའི་ཚུལ་བསྟན་ཡོད་ཟེར།
གསལ་སྒྲོག་ལས་ཉིན་དེར་ཁཱ་ཁི་སི་ཐན་དང་ཐུར་ཁེ། ཨེ་ཅིབ། སོ་ཏི་ཨ་རབ་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གི་གྲོས་ཚོགས་གྲུབ་འབྲས་སྙན་ཞུ་བྱས།
གསལ་སྒྲོག་ལས་བཤད་རྒྱུར། ཏཱ་ཨར་གྱིས་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ཐན་པོར་ནས་སྤེལ་བའི་ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མོལ་གྱི་མདུན་ལྗོངས་མཚམས་སྦྱོར་སྟབས་བདེ་བྱས་པ་དང་། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་པུའུ་ཀྲང་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། རྒྱལ་ཁབ་བཞི་ཡིས་ཕྱི་འབྲེལ་པུའུ་ཀྲང་གིས་གྲུབ་པའི་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ། འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱེ་བྲག་གི་ཇུས་གཞིར་གྲོས་མོལ་བྱས་ཏེ་གཏན་འབེབས་བྱེད་རྒྱུ་ཐག་བཅད།
གསལ་སྒྲོག་ལས་བསྟན་དོན། རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་མིག་སྔའི་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱས་པ་དང་། སྔ་མོ་ནས་ས་ཁུལ་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་བྱེད་ཐབས་བཟང་བོ་འཚོལ་ཞིབ་བྱས། རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་རྒྱུན་མཐུད་ཀྱི་འཁྲུག་རྩོད་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། དེ་ལས་ས་ཁུལ་ཧྲིལ་བོའི་མི་དམངས་ཀྱི་ཚེ་སྲོག་དང་འཚོ་སྡོད་ལ་ཆགས་འཇིག་རང་བཞིན་གྱི་ཤུགས་རྐྱེན་ཐེབས་སྲིད་པར་འདོད།
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་དང་དམག་དོན་ཛ་དྲག་ཏུ་འགྱུར་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས་པར་མ་ཟད། འབྲེལ་ཡོད་ཕྱོགས་ཀྱིས་གྲོས་མོལ་བྱེད་པར་ཆ་རྐྱེན་བསྐྲུན་དགོས་པ་བསྐྱར་བསྒྲགས་བྱས།
རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་བལྟས་ན་གྲོས་མོལ་དང་ཕྱི་འབྲེལ་ནི་འཁྲུག་རྩོད་སྔོན་འགོག་བྱེད་པ་དང་ས་ཁུལ་གྱི་ཞི་བདེ་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གཅིག་པུ་ཡིན་པར་འདོད་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། དེའི་ནང་རྒྱལ་ཁབ་ཚང་མའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་འདུས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba