སུའུ་ཏན་དམངས་ཁྲོད་ལས་ཁུངས་དང་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་ཚེས29ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་ལྷོ་ཕྱོགས་ཀྱི་ནན་ཁི་ཨར་ཏའོ་ཧྥན་མངའ་སྡེའི་ཏིས་ལིན་གྲོང་ཁྱེར་དུ་ཚེས28ཉིན་གྱི་དགོང་མོར་ཚད་ལྡན་དམག་དོན་རྩ་འཛུགས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དང་དེའི་མནའ་མཐུན་སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། མི14རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་ལྔ་དང་བུད་མེད་གཉིས་འདུས་ཡོད་ལ། གཞན་ཡང་མི23ལ་རྨས་ཕོག་ཡོད་ཟེར།
དམངས་ཁྲོད་ལས་ཁུངས་སུའུ་ཏན་སྨན་པའི་དྲ་ཚིགས་ཀྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཏིས་ལིན་གྲོང་ཁྱེར་དུ་བསྟུད་མར་ཉིན་གཉིས་ལ་མེ་སྒྱོགས་དང་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པ་དང་། འཇབ་རྒོལ་ཐེབས་ས་དེ་གཙོ་བོ་སྡོད་དམངས་འདུས་ཁུལ་རེད། ས་དེའི་མི་ཆོས་རིང་ལུགས་ཀྱི་གནས་བབ་དང་འཕྲོད་བསྟེན་གནས་ཚུལ་ཧ་ཅང་ཛ་དྲག་ཡིན་པ་དང་། སྨན་བཅོས་མི་སྣ་དང་དངོས་རྫས་ཧ་ཅང་དཀོན་ཟེར།
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། ཚེས28ཉིན་གྱི་དགོང་མོར་མི་མེད་གནམ་གྲུས་ཏིས་ལིན་ལྷོ་ངོས་ཀྱི་སྡོད་ཁུལ་དུ་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་ཁང་ཤར་བརྒྱད་ལ་གཏོར་བརླག་ཐེབས་པ་དང་། སྡོད་དམངས་མི་ཉུང་བ་ཞིག་འཇིགས་དངངས་དབང་གིས་ས་གཞན་དུ་བྲོས་བྱོལ་བྱས་ཡོད་ཟེར།
བསྟུད་མར་འགས་གཏོར་བཏང་བ་དང་ཐོན་ཁུངས་དཀོན་པའི་དབང་གིས་རྨས་མ་ས་གཞན་དུ་སྐྱེལ་བ་དང་གསོ་བཅོས་བྱ་བར་དཀའ་ཁག་ཆེན་པོ་བྱུང་ཡོད་ཟེར།
ཚེས29ཉིན་གྱི་སྔ་དྲོར། སུའུ་ཏན་དྲག་ཆས་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཏིས་ལིན་གྱི་དཔུང་འཇུག་མཐར་སྐྲོད་བཏང་ཡོད་ལ། འཐབ་འཛིང་རླངས་འཁོར40གཏོར་བའམ་གཞུང་བཞེས་བྱས་ཡོད་ཟེར།
ཏིས་ལིན་གྲོང་ཁྱེར་ནི་ནན་ཁི་ཨར་ཏའོ་ཧྥན་མངའ་སྡེའི་གྲོང་ཁྱེར་ཆེན་པོ་གཉིས་པ་ཡིན་ཞིང་། 2023ལོའི་ཟླ7པ་ནས་བཟུང་དཀའ་སྡུག་གི་གནས་སུ་ལྷུང་། 2025ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མང་བོས་མཉམ་དུ་རྩོམ་འབྲི་བྱས་པའི་སྙན་ཞུའི་ཁྲོད་དཔྱད་འཇོག་བྱས་པ་ལྟར་ན། བསྟུད་མར་དཀའ་ཁག་བྱུང་བ་ལས་གྲོང་ཁྱེར་དེར་ལྟོགས་སྡུག་བྱུང་ཡོད་ཟེར། ད་ལོའི་ཟླ་དང་པོར། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཁྱབ་བསྒྲགས་བྱས་དོན། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དང་དེའི་མནའ་མཐུན་གྱིས་གྲོང་ཁྱེར་དེར་ལོ་ངོ་གཉིས་ལྷག་ལ་བཙན་བཟུང་བྱས་ནས་གནོད་སྐྱེལ་བའི་གནས་བབ་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba