ཏན་མག་རྒྱལ་དོན་ཁང་གིས་ཚེས25ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སྐབས་གསར་པའི་གྲོས་ཁང་གི་སྲིད་ཏང་འཐུས་མི་སོ་སོས་གྲོས་གཞི་བཏོན་རྗེས། རྒྱལ་པོ་ཧྥེ་ཐི་ལེ་སྐུ་ཕྲེང་བཅུ་པས་ཉིན་དེར་ལྟ་སྐྱོང་དབུ་བཞུགས་བློན་ཆེན་ཧྥོ་ལེ་ཙི་ལི་ཁི་སིན་ལ་བཀའ་བསྩལ་ནས་སྲིད་གཞུང་གསར་བའི་ནང་བློན་རྩ་འཛུགས་གྲོས་མོལ་ལ་མགོ་འཛིན་བྱེད་དུ་བཅུག་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། སྐབས་གསར་པའི་གྲོས་ཁང་ནི་བསྡོམས་པས་གོ་གནས་84ཡོད་པའི་སྲིད་ཏང་ལྔ་ཡིས་གྲུབ་ཅིང་ཧྥོ་ལེ་ཙི་ལི་ཁི་སིན་གྱིས་ནང་བློན་རྩ་འཛུགས་གྲོས་མོལ་གྱི་འགན་ཁུར་ཡོད། དེའི་རྐྱེན། རྒྱལ་པོས་ཧྥོ་ལེ་ཙི་ལི་ཁི་སིན་ལ་སྲིད་གཞུང་གསར་པ་རྩ་འཛུགས་ཀྱི་གྲོས་མོལ་བྱེད་རྒྱུའི་རེ་བ་བཏོན་པ་རེད།
ཉིན་དེའི་སྔ་ཤས་སུ། ཧྥོ་ལེ་ཙི་ལི་ཁི་སིན་གྱིས་རྒྱལ་པོ་ལ་གྲོས་ཁང་འདེམས་བསྐོའི་མཇུག་འབྲས་དང་མིག་སྔའི་གྲོས་ཁང་གི་གནས་བབ་གསལ་བཤད་བྱས་རྗེས། སྐབས་འདིའི་སྲིད་གཞུང་གི་ལས་འགན་དགོངས་ཞུའི་ཡི་གེ་སྤྲད་པར་མ་ཟད། ཏང་སྲིད་འཐུས་མི་སོ་སོས་སྲིད་གཞུང་གསར་པ་འཛུགས་པའི་དོན་དག་ལ་རང་རང་གི་བསམ་ཚུལ་འདོན་རྒྱུའི་རེ་བ་བྱས་ཡོད། ཏན་མག་གི་ཆབ་སྲིད་རྩ་དོན་ལྟར་ན། སྲིད་གཞུང་གསར་པ་མ་བཙུགས་སྔོན་དུ། ད་ལྟའི་སྲིད་གཞུང་གིས་ལྟ་སྐྱོང་སྲིད་གཞུང་གི་ཐོབ་ཐང་སྤྱད་ནས་འགན་འཁྲི་སྒྲུབ་དགོས།
ཏན་མག་གཞུང་ཕྱོགས་ཀྱིས་ཚེས25ཉིན་རང་ས་གནས་ཀྱི་འདེམས་ཤོག་སྤྱི་བསྡོམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཚེས24ཉིན་སྤེལ་བའི་གྲོས་ཁང་འདེམས་བསྐོའི་ཁྲོད་དུ། ཧྥོ་ལེ་ཙི་ལི་ཁི་སིན་གྱི་སྣེ་ཁྲིད་པའི་སྤྱི་ཚོགས་དམངས་གཙོ་ཏང་གིས་མུ་མཐུད་སྲིད་ཏང་དང་པོའི་གོ་གནས་རྒྱུན་སྲུང་བྱས་ཡོད་ཀྱང་། རྒྱབ་སྐྱོར་བྱེད་ཚད་མངོན་གསལ་གྱིས་མར་ལྷུང་བཞིན་ཡོད་པས། ཏང་དེས་མགོ་ཁྲིད་པའི་སྒར་དམར་ཞེས་པའི་དབུས་གཡོན་མནའ་འབྲེལ་ལ་ཕྱེད་ཀའི་ཡན་གྱི་གོ་གནས་ཐོབ་མེད།
རྩ་དོན་ལྟར་ན། འདེམ་བསྐོའི་མཇུག་འབྲས་གཏན་འཁེལ་བྱས་རྗེས། གལ་ཏེ་སྲིད་ཏང་གང་ལའང་ཕྱེད་ཀའི་ཡན་གྱི་འདེམ་ཤོག་ཐོབ་མེད་ན། ཏན་མག་གི་སྲིད་ཏང་སོ་སོས་ཏང་ཁག་བརྒལ་བའི་གྲོས་མོལ་སྤེལ་ནས་སྐབས་གསར་པའི་སྲིད་གཞུང་འཛུགས་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།
འཕྲིན་སྟེགས། weikangba