དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི50རྐྱེན་ལམ་དུ་ཤོར།

2025-09-09
824

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས7ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི50རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི46ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ནས་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གི་མགྲིན་ཚབ་པ་པཱ་སཱ་ལེ་ཡིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཐོག་ཁང་50ལྷག་གཏོར་བཤིག་བཏང་བ་དང་། གཞན་ཡང་ཐོག་ཁང100ཙམ་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཡོད་ལ། དེའི་ནང་བརྩེགས་རིམ་མཐོ་བའི་སྡོད་དམངས་ཐོག་ཁང་ཡང་འདུས། རྒྱུན་ཆད་མེད་པའི་འཇབ་རྒོལ་ལས་དམངས་སྲུང་དཔུང་སྡེའི་སྟོབས་ཤུགས་ཉམས་དམས་སུ་བཏང་ཡོད་པ་དང་། ཟླ3པའི་ཚེས18ཉིན་འཐབ་འཁྲུག་ཡང་བསྐྱར་བྱུང་བའི་ཚུན་ལ། དེ་རིང་ནི་ཆེས་དཀའ་སྡུག་གི་ཉིན་ཞིག་རེད་ཟེར།

ལོ་ངོ་ལྔ་བཅུ་ལྷག་ལ་སོན་པའི་ཅཱ་ཧྲ་མཁར་གྱི་སྡོད་དམངས་ཨ་ལཱ་པུས་ཏི་ཡིས་གསར་འགོད་པར་བཤད་རྒྱུར། རང་ཉིད་སྡོད་སའི་ཐོག་ཁང་དེ་འཇབ་རྒོལ་ཁྲོད་ལོག་པས། ཁོ་རང་ཡུལ་འཁྱམ་མི་བྱེད་ཐབས་མེད་བྱུང་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་བསྟུད་མར་ཅཱ་ཧྲའི་བྱང་ངོས་ཀྱི་ཅཱ་ཧྲ་མཁར་དུ་དམག་དོན་འགུལ་སྐྱོད་སྤེལ་ཡང་། ས་དེའི་སྡོད་དམངས་མང་བོ་སྔར་བཞིན་རང་གནས་སུ་བསྡད་ཡོད། ཅཱ་ཧྲ་མཁར་གྱི་ཨ་ཐཱ་ཨར་ཟེར་བའི་དགེ་རྒན་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་ཡང་བདེ་འཇགས་མིན་པས། གནས་འདིར་སྡོད་པ་ལས་ཐབས་གཞན་མེད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས7ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ3པའི་ཚེས18ཉིན་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། མི་ཁྲི་གཅིག་དང་སྟོང་གཉིས་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་ལྔ་ལྷག་ལ་རྨས་ཕོག་ཟེར། དེ་ལས་གཞན་འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཅཱ་ཧྲ་ས་ཁུལ་དུ་མི་ལྔ་ལྟོགས་སྡུག་དང་འཚོ་བཅུད་མ་འདང་བའི་དབང་གིས་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་གསུམ་འདུས་ཟེར།

ཧཱ་མཱ་སི་ཡིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེའི་མགོ་ཁྲིད་རིམ་པའི་འཐུས་ཚབ་ཚོགས་པས་ཚེས6ཉིན་ཨེ་ཅིབ་ཏུ་འཚམ་འདྲི་བྱེད་པའི་བྱ་བ་མཇུག་སྒྲིལ་བ་དང་། དེའི་སྐབས་སུ་འཐུས་ཚབ་ཚོགས་པས་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་མང་བོའི་འཐུས་མི་དང་དམངས་ཁྲོད་ལས་ཁུངས། ཚོང་དོན་ལས་རིགས་ཀྱི་མི་སྣ་སོགས་ལ་ཐུག་འཕྲད་བྱས་ཡོད་ཟེར། གསལ་སྒྲོག་ལས་བསྟན་དོན། ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་མང་བོས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པར་བརྩོན་ལེན་བྱེད་པར་འཐད་པ་བྱུང་ཡོད་ལ། དེའི་ཞོར་དུ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་འཐབ་འཁྲུག་གནས་བབ་ལ་ཚོད་འཛིན་དང་འཐབ་འཁྲུག་རྗེས་ཀྱི་ལམ་ཐིག་འཆར་གཞི་གཏན་འབེབས་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶