ཚེས5ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་གཞུང་དོན་དྲ་བའི་སྟེང་།ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་ཡི་དམག་རྒྱལ་རིང་ལུགས་ཀྱི་འཇར་པན་ལས་རྒྱལ་བ་དང་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ80འཁོར་བའི་སྐོར་གྱི་གཏམ་བཤད་བཀོད་ཡོད་པ་དང་།ལ་ཧྥུའུ་ལུའོ་ཧྥུའུ་ཡིས་གཏམ་བཤད་ནང་འཇར་པན་དབང་འཛིན་ལས་ཁུངས་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་འབྲས་ཁྱོན་ཡོངས་ནས་ཁས་ལེན་བྱེད་དགོས་པའི་སྐུལ་མ་བཏང་ཡོད།
ལ་ཧྥུའུ་ལུའོ་ཧྥུའུ་ཡིས་བསྟན་དོན།《འཇར་པན་གྱི་མགོ་འདོགས་ཡི་གེ》ཚུད་པའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་གྲུབ་འབྲས་ནི།དམག་འཁྲུག་རྗེས་ཀྱི་འཛམ་གླིང་གི་སྒྲིག་ལམ་དང་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ཁོས་འཇར་པན་དབང་འཛིན་ལས་ཁུངས་ལ་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་མནའ་མཐུན་རྒྱལ་ཁབ་དག་ལ་རྒྱལ་ཁ་ཐོབ་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་མཇུག་འབྲས་དང་།དེ་མིན་འཇར་པན་གྱིས་དམག་འཁྲུག་བསླངས་པའི་དབང་གིས་འཁུར་དགོས་པའི་འགན་འཁྲི་ཕྱོགས་ཡོངས་ནས་ཁས་ལེན་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད།ཨུ་རུ་སུའི་ཕྱོགས་ཀྱིས་མུ་མཐུད་དུ་བློ་ཁ་མཐུན་མཁན་དང་མཉམ་དུ་བྱ་འགུལ་སྣ་ཚོགས་སྤེལ་ནས།དུས་རབས་གོང་མའི་ལོ་རབས་སུམ་ཅུ་པ་དང་བཞི་བཅུ་པར་འཇར་པན་གྱིས་བསགས་པའི་ཉེས་གསོག་སྐོར་གྱི་དཔང་རྟགས་གསར་པ་གསལ་སྟོན་བྱ་རྒྱུ་ཡིན་ཞེས་བཤད།
མཇུག་མཐར་ལ་ཧྥུའུ་ལུའོ་ཧྥུའུ་ཡིས་སྲོལ་རྒྱུན་སླར་གསོ་དང་ལོ་རྒྱུས་ཀྱི་དྲན་ཤེས་ཆེ་རུ་གཏོང་ཆེད།དམག་རྒྱལ་རིང་ལུགས་འཇར་པན་ལས་རྒྱལ་བའི་དྲན་གསོའི་ཉིན་མོ་དེ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་དུས་ཆེན་དུ་གྱུར་ཡོད། ང་ཚོའི་བླ་ན་མེད་པའི་འགན་འཁྲི་ནི་འཛམ་གླིང་འཁྲུག་ཆེན་ལས་བྱུང་བའི་མིའི་རིགས་ཡོངས་ཀྱི་སྐྱོ་གར་གྱི་བསླབ་བྱ་དེ་ཡིད་ལ་བརྟན་པོར་བཅངས་ནས་ནུས་ཤུགས་ཡོད་རྒུས་དེ་ཡང་བསྐྱར་མི་འབྱུང་བ་བྱ་རྒྱུ་དེ་ཡིན་ཞེས་བསྟན།
ཨུ་རུ་སུའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།སུའུ་ལེན་གྱི་ཆེས་མཐོའི་སུའུ་ཝེ་ཨེད་ཀྲུའུ་ཞི་ཚོགས་པས1945ལོའི་ཟླ9པར་བཀའ་ཁྲིམས་ཁྱབ་བསྒྲགས་བྱས་ནས།ཟླ9བའི་ཚེས3ཉིན་ནི་འཇར་པན་ལས་རྒྱལ་བའི་དྲན་གསོའི་ཉིན་མོར་ཁྱབ་བསྒྲགས་བྱས་པ་རེད། 2023ལོའི་ཟླ6པར་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་བཅའ་ཁྲིམས་ལ་མིང་རྟགས་བཀོད་ནས།དྲན་གསོའི་ཉིན་མོ་དེ་དམག་རྒྱལ་རིང་ལུགས་ཀྱི་འཇར་པན་ལས་རྒྱལ་བ་དང་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་བསྒྲིལ་བའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།
འཕྲིན་སྟེགས། weikangba