ཚེས6ཉིན་ཡེ་མེན་སྲིད་གཞུང་མ་ལི་པུའུ་ཞིང་ཆེན་ལྷོ་རྒྱུད་འཐབ་ཕྱོགས་ཀྱི་ཇུས་འདོན་པ་ཧ་ལི་ཏི•མུའུ་ས་ན་ལ་ཧུའུ་སའེ་དྲག་ཆས་ཀྱི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར།
ཡེ་མེན་སྲིད་གཞུང་དམག་གི་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཧུའུ་སའེ་དྲག་ཆས་ཀྱི་མི་མེད་གནམ་གྲུ་ཞིག་གིས་ཉིན་དེར་མ་ལི་པུའུ་ཞིང་ཆེན་ལྷོ་རྒྱུད་ཀྱི་ཧྥ་ལི་ཧ་ས་ཁུལ་གྱི་སྲིད་གཞུང་དམག་གི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་པས་མུའུ་ས་ན་རྐྱེན་ལམ་དུ་ཤོར་བ་དང་། དེ་དང་མཉམ་དུ་གནས་དེར་ཡོད་པའི་མི་སྣ་མང་པོར་རྨས་སྐྱོན་བཟོས་ཡོད་ཟེར།
གནས་ཚུལ་ཤེས་མཁན་དེས་བསྟན་དོན། ཐེངས་འདིའི་འཇབ་རྒོལ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཉེ་ལམ་སྲིད་གཞུང་གི་དམག་དཔུང་དང་ཧུའུ་སའེ་དྲག་ཆས་ཀྱིས་ས་ཁུལ་དེ་རུ་དམག་འཁྲུག་རྒྱག་མྱོང་མེད་ཟེར།
གཞན་ཡང་ཡེ་མེན་སྲིད་གཞུང་དམག་གི་ཁོངས་གཏོགས་སྨྱན་བྱད་ཀྱིས《ཟླ9བའི་ཚེས26ཉིན་གྱི་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་ཧུའུ་སའེ་དྲག་ཆས་མི་སྣས་ལྷོ་ནུབ་རྒྱུད་ཀྱི་ཐ་དབྱི་ཙི་ཞིང་ཆེན་རི་ཁུལ་གྱི་སྲིད་གཞུང་དམག་གི་གཡུལ་སར་སིམ་འཛུལ་བྱེད་རྩིས་བྱས་ཀྱང་། སྲིད་གཞུང་དམག་གི་འགོག་རྒོལ་བྱས་པས་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་། མེ་མདས་རྒྱག་རེས་བྱེད་སྐབས་ཧུའུ་སའེ་དྲག་ཆས་ཀྱི་མི་སྣ4བསད་པ་དང་གཞན་ཡང་མི་མང་པོ་ཞིག་ལ་རྨས་ཕོག་ཡོད་པར་བཤད།
2014ལོའི་ཟླ9བར་ཧུའུ་སའེ་དྲག་ཆས་ཀྱིས་ཡེ་མེན་གྱི་རྒྱལ་ས་ས་ན་བཙན་བཟུང་བྱས་པས་ཡེ་མེན་སྲིད་གཞུང་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཡ་ཏིང་དུ་གནས་སྤོ་མི་བྱེད་ཐབས་མེད་བྱུང་། ཕྱོགས་གཉིས་ཀྱིས་དེ་སྔོན་དམག་འཁྲུག་མཚམས་འཇོག་པ་དང་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་གྲོས་མཐུན་བཞག་ཡོད་མོད། འོན་ཀྱང་ཡུན་རིང་མ་འགོར། མིག་སྔར་ཧུའུ་སའེ་དྲག་ཆས་ཀྱིས་ཡེ་མེན་མངའ་ཁོངས་ཀྱི་སུམ་ཆའི་གཅིག་དང་མི་འབོར་བཅུ་ཆའི་བདུན་བརྒྱད་ཙམ་ཚོད་འཛིན་བྱས་ཡོད་པ་དང་། རྒྱ་མཚོའི་དམར་པོའི་གྲུ་ཁའི་གྲོང་ཁྱེར་གལ་ཆེན་ཧོ་ཐའེ་ཏ་ཡང་བདག་བཟུང་བྱས་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།
འཕྲིན་སྟེགས། weikangba