ཚེས6ཉིན་སུའུ་ཏན་ས་གནས་སྲིད་གཞུང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་དེའི་བྱང་རྒྱུད་ཀྱི་ཉི་ལུའོ་ཧོ་མངའ་སྡེ་ནས་གསེར་གཏེར་ཞིག་བརྡིབས་པའི་དོན་རྐྱེན་བྱུང་སྟེ་མི6རྐྱེན་ལམ་དུ་ཤོར་བ་དང་མི20གར་སོང་ཆ་མེད་དུ་གྱུར་ཡོད།
ཉི་ལུའོ་ཧོ་མངའ་སྡེའི་པའེ་པེ་ཨར་ས་ཁུལ་གྱི་དཔོན་རིགས་ཧ་སང•ཁ་ལ་ཨར་གྱིས་ཚེས5ཉིན་བཤད་རྒྱུར། ཝུའུ་མུའུ་ཨའོ་ཏེ་ས་ཁུལ་གྱི་གསེར་གཏེར་ཞིག་བརྡིབས་པའི་དོན་རྐྱེན་བྱུང་ནས་མི་6རྐྱེན་ལམ་དུ་ཤོར་བ་དང་། མིག་སྔར་ཚོད་དཔག་བྱས་ན་མི20ད་དུང་གཏེར་འོག་ཏུ་མནན་ཡོད་པས་འཚོལ་སྐྱོབ་ལས་དོན་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།
གཞན་ཡང་སུའུ་ཏན་གྱི་དམངས་ཁྲོད་སྒྲིག་གཞི“སུའུ་ཏན་སྨན་པའི་དྲ་བའི”སྟེང་ཚེས་6ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་དོན་རྐྱེན་ཁྲོད་མི6རྐྱེན་ལམ་དུ་ཤོར་བ་དང་མི9ལ་རྨས་ཕོག་ཡོད། གཏེར་ལས་ཀྱི་དོ་དམ་རྙོག་འཛིངཡིན་ལ་ལྟ་སྐུལ་དོ་དམ་མི་འདང་བ། བདེ་འཇགས་ལས་སྒྲུབ་ཀྱི་ཚད་གཞི་ནན་མོ་ལག་བསྟར་མ་བྱས་པ་བཅས་ནི་ཐེངས་འདིར་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་བསྟན།
སུའུ་ཏན་གྱི་གསེར་ཐོན་སྐྱེད་དང་ཕྱིར་གཏོང་བྱེད་ཚད་ནི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁྲོད་ཨང་དང་པོ་ཡིན་ལ། དེ་ཕྱི་དངུལ་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོའི་གྲས་ཤིག་ཀྱང་རེད། འོན་ཀྱང་སུའུ་ཏན་གྱི་གསེར་ཐོན་སྐྱེད་བྱེད་སྟངས་དེ་སྲོལ་རྒྱུན་གྱི་སྔོག་འདོན་བྱེད་སྟངས་ལ་བརྟེན་ཡོད་པ་དང་། གཏེར་འདོན་ས་ཆ་དེ་བྱང་རྒྱུད་དང་ནུབ་རྒྱུད་ཀྱི་མངའ་སྡེ་མང་པོ་ཞིག་ཏུ་ཁྱབ་ཡོད། གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། 2024ལོར་སུའུ་ཏན་གྱི་གསེར་ཐོན་ཚད་དེ་ཏུན64ཙམ་ཡིན་ཞིང་དེའི་ནང་གི་བཅུ་ཆའི་བརྒྱད་ཙམ་གཏེར་འདོན་པས་ལག་པས་སྔོག་འདོན་བྱས་པ་རྐྱང་རྐྱང་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།
འཕྲིན་སྟེགས། weikangba