སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་ཉེ་སྔོན་སྙན་ཞུ་སྤེལ་ཏེ། སུའུ་ཏན་གྱི་རྒྱལ་ས་ཡོད་སའི་ཁཱ་ཐུའུ་མུའུ་མངའ་སྡེ་རུ་རྫས་འགྱུར་མཚོན་ཆའི་སྦགས་བཙོག་ཐེབས་པ་ཁས་ལེན་མ་བྱས་པ་དང་། དེ་ལ་བརྟེན་ནས་ཨ་མེ་རི་ཁའི་སྲིད་གཞུང་གིས་དེའི་སྔོན་སུའུ་ཏན་སྲིད་གཞུང་ལ་འབྲེལ་ཡོད་ཀྱི་སྐྱོན་འཛུགས་བྱས་པར་རྒོལ་ལན་སྤྲད།
སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་ཚེས3ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་སྤེལ་བའི་སྙན་ཞུ་ལས་བསྟན་དོན། ད་ཡོད་ཀྱི་བདེན་དཔང་དང་ཡུལ་དངོས་ཀྱི་ཞིབ་བཤེར་ཚད་འཇལ་གཞི་གྲངས། དེ་མིན་དཔོན་ཕྱོགས་ཀྱི་སྨན་བཅོས་སྙན་ཞུ་བཅས་ལ་གཞིགས་ན། ཁཱ་ཐུའུ་མུའུ་མངའ་སྡེ་ཁུ་རྫས་འགྱུར་དང་འཕྲོ་འགྱེད་རང་བཞིན་གྱི་སྦགས་བཙོག་ཐེབས་པའི་བདེན་དཔང་མེད་པ་དང་། སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་དེ་འཚོ་སྡོད་བྱེད་སའི་གནས་སུ་མི་འཚམ་པར་གྱུར་བའི་འཇིགས་ཉེན་གང་ཡང་རྙེད་མེད་ཟེར།
སྙན་ཞུ་ལས་བཤད་རྒྱུར། ཡུལ་དངོས་ནས་ཞིབ་བཤེར་ཚད་འཇལ་བྱས་པ་ལས་འཕྲོ་འགྱེད་ཆུ་ཚད་ཇེ་མཐོར་འགྲོ་བའི་སྣང་ཚུལ་མེད་པ་དང་། རྫས་འགྱུར་ཐོན་རྫས་དང་འབྲེལ་བའི་མཚོན་ཆ་སོགས་ཀྱང་མེད། དེའི་ཞོར་དུ་ཁཱ་ཐུའུ་མུའུ་མངའ་སྡེ་རུ་གཞི་རྒྱ་ཆེ་བའི་སྒོ་ནས་རྐྱེན་ལམ་དུ་ཤོར་བའམ་རྫས་འགྱུར་དུག་ཕོག་གི་གནས་ཚུལ་སྐོར་གྱི་སྙན་ཞུ་ཡང་མེད་ཟེར།
སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། སྙན་ཞུ་དེ་ནི་ད་ལོའི་ཟླ4བར་སུའུ་ཏན་སྲིད་གཞུང་གིས་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་ལག་ནས་ཡང་བསྐྱར་ཁཱ་ཐུའུ་མུའུ་མངའ་སྡེ་ཡི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱས་པའི་ཚུན་གྱི་ཡུལ་དངོས་གནས་ཚུལ་དང་སྨན་བཅོས་སྙན་ཞུ་གཞིར་བཟུང་སྟེ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཁས་ལེན་ཐོབ་པའི་འཕྲོ་འགྱེད་ཚད་འཇལ་ཞིབ་བཤེར་དཔྱད་ཆས་དང་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པའི་ཞིབ་བཤེར་དཔྱད་ཆས་བེད་སྤྱོད་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba