ཞི་ཅིན་ཕིང་པེ་ཅིན་གྲོང་ཁྱེར་ཆུས་ཀྱི་དམངས་ཆེན་འཐུས་མིའི་སྐབས་བརྗེ་འདེམས་བསྐོའི་འདེམས་ཤོག་འཕེན་པའི་བྱ་བའི་ཁྲོད་ཞུགས་པ།

2026-11-09
434

ཟླ11ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཁར་ནུབ་ཆུས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སའི་ས་ཚིགས་སུ་དམངས་ཆེན་འཐུས་མིའི་འདེམས་བསྐོར་འདེམས་ཤོག་འཕེན་པའི་བྱ་བའི་ཁྲོད་ཞུགས།   

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11ཚེས6ཉིན་ནི་པེ་ཅིན་གྲོང་ཁྱེར་ཆུས་དང་ཞང་དང་གྲོང་རྡལ་རིམ་པ་གཉིས་ཀྱི་དམངས་ཆེན་འཐུས་མིའི་སྐབས་བརྗེ་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ཉིན་མོ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཁར་ནུབ་ཆུས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སའི་ས་ཚིགས་སུ་དམངས་ཆེན་འཐུས་མིའི་འདེམས་བསྐོར་འདེམས་ཤོག་འཕེན་པའི་བྱ་བའི་ཁྲོད་ཞུགས།   

ཧོའེ་རེན་ཐང་འདེམས་ཤོག་འཕེན་སའི་ས་ཚིགས་སུ། སྐར་ལྔའི་དར་དམར་བཀྲག་མདངས་འཚེར་ཞིང་། རྒྱལ་རྟགས་ཀྱིས་བརྒྱན་པའི་འདེམས་ཤོག་འཕེན་སྒམ་དམར་པོ་དཀྱིལ་དུ་བཞག་ཡོད་ལ། འདེམས་ཤོག་འཕེན་པའི་བྱ་བ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་དེ། ཡུལ་དངོས་བརྗིད་ཉམས་ཀྱི་རྣམ་པས་ཁེངས་ཡོད། 

ཕྱི་དྲོའི་ཆུ་ཚོད3དང་སྐར་མ30ཙམ་ལ།  ཞི་ཅིན་ཕིང་ཧོའེ་རེན་ཐང་འདེམས་ཤོག་འཕེན་སའི་ས་ཚིགས་སུ་ཕེབས་ནས་འདེམས་བསྐོའི་དོན་ཚན་སྐོར་གྱི་གསལ་བཤད་ཞིབ་ཕྲར་གསན་ཅིང་། འདེམས་དམངས་ལག་ཁྱེར་ལས་བྱེད་མི་སྣར་སྤྲད་ནས་ཞིབ་བཤེར་བྱས་ཤིང་འདེམས་ཤོག་གཅིག་བླངས་ཏེ་ནན་ཏན་གྱིས་བྲིས་རྗེས།  གཟབ་ནན་ངང་རང་ཉིད་ཀྱི་འདེམས་ཤོག་དེ་འཕངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མི་འདེམས་བསྐོ་བྱེད་པ་ནི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་།  འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་པའི་རྨང་གཞི་ཡིན་ལ།  རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན།  བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་།  དམངས་གཙོ་དར་སྤེལ་གང་ལེགས།  ཁྲིམས་ལྟར་ལས་དོན་ནན་སྒྲུབ། འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་འདེམས་བསྐོའི་བྱ་བའི་ཁ་ཕྱོགས་ཡང་དག་པ་དང་སྤྱོད་གཙང་དྲང་གཞག་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཤིང་། མི་དམངས་ཡིད་ཚིམ་པའི་འཐུས་མི་འདེམས་པར་ཁག་ཐེག་བྱེད་དགོས།

ཉིན་དེའི་ཕྱི་དྲོར།  ལི་ཆང་གིས་མཁར་ནུབ་ཆུས་ཝུན་ཅིན་ཁྲོམ་གཞུང་འདེམས་ཁུལ་ཙི་ཀོང་ཀིའི་འདེམས་ཤོག་འཕེན་ཡུལ་དུ་འདེམས་ཤོག་འཕངས་པ་དང་། ཀྲའོ་ལེ་ཅི་ཡིས་མཁར་ནུབ་ཆུས་ཀྲུང་ནན་ཧའེ་འདེམས་ཁུལ་མི་དམངས་ཚོགས་ཁང་ཆེན་མོའི་འདེམས་ཤོག་འཕེན་ཡུལ་དུ་འདེམས་ཤོག་འཕངས།

ཝང་ཧུའུ་ཉིང་གིས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས། ཚའེ་ཆི་ཡིས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས་པ་རེད། ཏིང་ཞུའེ་ཞང་གིས་ཝུན་ཅིན་སྲང་ལམ་འདེམས་ཁུལ་ཙི་ཀོང་ཀི་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས། ལི་ཞི་ཡིས་མཁར་ཤར་ཆུ་ཐའེ་ཅི་བཟོ་གྲྭའི་འདེམས་ཁུལ་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ལས་ཁུངས་སུ་འདེམས་ཤོག་འཕེན་སར་འདེམས་ཤོག་འཕངས། ཧན་ཀྲེང་གིས་ལས་དོན་མི་སྣར་མངག་བཅོལ་བྱས་ཏེ་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སའི་ས་ཚིགས་སུ་འདེམས་ཤོག་འཕངས།

ཧུའུ་ཅིན་ཐའོ་ཡིས་མངགས་བཅོལ་གནང་བའི་ལས་སྒྲུབ་མི་སྣས་ཀྲུང་ནན་ཧའེ་འདེམས་ཁུལ་ཧོའེ་རེན་ཐང་འདེམས་ཤོག་འཕེན་སའི་ས་ཚིགས་སུ་འདེམས་ཤོག་འཕངས།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་། འགོ་ཁྲིད་ཀྱི་ལས་གནས་ནས་བུད་པའི་བློ་མཐུན་བཅས་ཀྱིས་པེ་ཅིན་གྲོང་ཁྱེར་གྱི་རང་སའི་འདེམས་ཁུལ་དུ་འདེམས་ཤོག་འཕེན་པའམ་ཡང་ན་མི་གཞན་ལ་འདེམས་ཤོག་འཕེན་རྒྱུ་མངགས་བཅོལ་བྱས།

ཚེས6ཉིན། པེ་ཅིན་གྲོང་ཁྱེར་དུ་ཁྱོན་བསྡོམས་འདེམས་ཤོག་འཕེན་སའི་ས་ཚིགས13054བཙུགས་པ་དང་། གྲངས་ཁྱད་འདེམས་བསྐོ་བྱས་པ་བརྒྱུད་ཆུས་ཀྱི་སྐབས་གསར་པའི་དམངས་ཆེན་འཐུས་མི4898དང་། ཞང་དང་གྲོང་རྡལ་གྱི་དམངས་ཆེན་འཐུས་མི11137བདམས་ཐོན་བྱ་རྒྱུ་རེད། །


  • 顶