གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་ཐད་འདི་ལག་བསྟར་བྱས།

2026-11-07
391

ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས《གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཐོ་འགོད་བྱ་ཐབས(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་པ་དེ་2026ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཡོད། 

ཞིང་ལས་དང་གྲོང་གསེབ་པུའི་ཁྲིམས་སྲོལ་སིའི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཟླ་5པར《གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལག་བསྟར་བྱས་པ་དང་། ཐོ་འགོད་བྱ་ཐབས་དེ་ཆ་འགྲིག་ལམ་ལུགས་གལ་ཆེན་ཞིག་ཏུ་བརྩིས་ནས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་འཛུགས་པ་དང་བསྒྱུར་བཅོས་ཐོ་འགོད་དང་། སྒྲིག་ཡིག་ནང་གསལ་པོར་བཀོད་པའི་དོན་ཚན། མིང་ཚད་ལྡན་དུ་གཏོང་བ། ལག་ཁྱེར་ལེན་པའི་བརྒྱུད་རིམ། ཟླ་སྒྲིལ་དང་ལོགས་འཛུགས་ཀྱི་གོ་རིམ་སོགས་ཀྱི་ནང་དོན་ཁ་གསལ་བཟོས་ནས། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཚད་ལྡན་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། 

ཐོ་འགོད་བྱ་ཐབས་ཀྱི་བླང་བྱ་ལྟར་ན། ཐོ་འགོད་རེ་ཞུ་བྱེད་སྐབས་རེ་ཞུའི་རེའུ་མིག་དང་དེ་མཚུངས་ཀྱི་དཔང་ཡིག་སྤྲོད་དགོས། ཟླ་སྒྲིལ་དང་ལོགས་སུ་འཛུགས་པའམ་ཡང་ན་ཆ་འཕྲིན་ལ་འགྱུར་ལྡོག་བྱུང་བ་དང་། དེ་བཞིན་ཟླ་སྒྲིལ་དང་ལོགས་སུ་འཛུགས་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་ཐོ་ཁོངས་ནས་བསུབ་པའི་འགྲོ་ལུགས་སྒྲུབ་དགོས་ཚེ། ཐོག་མའི་ཐོ་འགོད་ལས་ཁུངས་ལ་རེ་འདུན་ཞུ་དགོས་པ་མ་ཟད། འབྲེལ་ཡོད་ཡིག་ཆ་ཡར་སྤྲོད་དགོས། ཐོ་ཁོངས་ནས་བསུབས་རྗེས་ཐུན་མོང་གི་རྒྱུ་ནོར་དེ་ཟླ་སྒྲིལ་བཏང་བ་དང་ལོགས་སུ་བཙུགས་རྗེས་ཀྱི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཐུན་མོང་ལ་དབང་བ་ལས་ཁོངས་མི་སྒེར་ལ་བགོས་མི་ཆོག 

“ཐོ་འགོད་བྱ་ཐབས་ལག་བསྟར་ནུས་ལྡན་ཐུབ་པར་འགན་ལེན་བྱ་ཆེད། ཐོ་འགོད་ཀྱི་འབྲེལ་ཡོད་རེ་ཞུའི་རེའུ་མིག་བཟོ་བ་དང་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། གསོ་སྦྱོང་མཛུབ་ཁྲིད་ཞབས་ཞུ་ཡག་པོ་བྱ་རྒྱུ་ཡིན”ཞེས་ཞིང་ལས་དང་གྲོང་གསེབ་པུའི་སྲིད་ཇུས་དང་སྒྱུར་བཅོས་སིའི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་ངོ་སྤྲོད་བྱས།


  • 顶