ཟླ་11ཚེས་6ཉིན་ནི་པེ་ཅིང་གྲོང་ཁུལ་དང་གྲོང་རྡལ་རིམ་པ་གཉིས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་སྐབས་བརྗེའི་འདེམས་ཤོག་འཕེན་པའི་ཉིན་མོ་ཡིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཁྲེང་ཁུལ་ཀྲུང་ནན་ཧའེ་འདེམས་ཁུལ་གྱི་ཧུའེ་རེན་ཐང་འདེམས་ཤོག་འཕེན་ཁུལ་དུ་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་ཤོག་འཕེན་པའི་ནང་ཞུགས་སྐབས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་པ་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་། འཐུས་སྒོ་ཚང་དུ་གཏོང་བ། འཁོར་རྒྱུག་ཡག་པོ་བཅས་བྱེད་པའི་རྨང་གཞི་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་རེད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། ཁྲིམས་ལྟར་དོན་དག་ནན་ཏན་སྒྲུབ་པ་བཅས་བྱེད་པ། འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱིས། འདེམས་བསྐོའི་ལས་དོན་གྱི་ཁ་ཕྱོགས་ཡང་དག་པ་དང་སྤྱོད་བཟང་གཞུང་དྲང་ཡོང་བར་འགན་ལེན་ཏན་ཏིག་དང་མི་དམངས་ཀྱིས་འདོད་བློ་ཚིམས་པའི་འཐུས་མི་འདེམས་པར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཧུའེ་རེན་ཐང་འདེམས་ཤོག་འཕེན་ཁུལ་དུ་སྐར་ལྔའི་དར་དམར་བཀྲག་མདངས་རབ་ཏུ་འཚེར་བ་དང་། རྒྱལ་རྟགས་ཀྱིས་བརྒྱན་པའི་འདེམས་ཤོག་འཕེན་སྒམ་དམར་པོ་དེ་དཀྱིལ་དབུས་སུ་བཞག་ཡོད་ཅིང་། འདེམས་ཤོག་འཕེན་པའི་ལས་དོན་ཚད་ལྡན་དང་ཚགས་ཚུད་པོའི་ངང་སྤེལ་བཞིན་ཡོད་པས། ཡུལ་དངོས་ཀྱི་རྣམ་པ་སྒམ་བརླིང་ལྡན་ཞིང་སྤྲོ་བས་རབ་ཏུ་ཕྱུག
ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་ཧུའེ་རེན་ཐང་གི་འདེམས་ཤོག་འཕེན་ཁུལ་ཕེབས་ནས་འདེམས་བསྐོའི་བྱ་དོན་གྱི་འབྲེལ་ཡོད་གསལ་བཤད་ལ་ནན་ཏན་ངང་གསན་གནང་བ་དང་། འདེམས་དམངས་ལག་ཁྱེར་ལས་དོན་མི་སྣར་བརྟག་དཔྱད་བྱ་རྒྱུར་སྤྲད་པ་དང་འདེམས་ཤོག་གཅིག་ཚུར་བླངས་ཏེ་འདེམས་ཤོག་འབྲི་ཁུལ་དུ་འདེམས་ཤོག་བྲིས་རྗེས། འདེམས་ཤོག་འཕེན་སྒམ་གྱི་མདུན་དུ་ཕེབས་ནས་གཟབ་ནན་ངང་རང་ཉིད་ཀྱི་འདེམས་ཤོག་གཅིག་འཕེན་གནང་ཡོད།
ཉིན་དེའི་ཕྱི་དྲོར། ལི་ཆང་གིས་ཤིས་ཁྲེང་ཁུལ་ཝུན་ཅིན་སྲང་ལམ་འདེམས་ཁུལ་གྱི་ཙེ་ཀོང་ཀོ་འདེམས་ཤོག་འཕེན་ཁུལ་དུ་འདེམས་ཤོག་འཕེན་ཡོད། ཀྲའོ་ལེ་ཅིས་ཤིས་ཁྲེང་ཁུལ་ཀྲུང་ནན་ཧའེ་འདེམས་ཁུལ་གྱི་མི་དམངས་ཚོགས་ཁང་ཆེན་མོའི་འདེམས་ཤོག་འཕེན་ཁུལ་དུ་འདེམས་ཤོག་འཕེན་ཡོད། ཝང་ཧུའུ་ཉིང་གིས་ཀྲུང་ནན་ཧའེ་འདེམས་ཁུལ་གྱི་ཧུའེ་རེན་ཐང་འདེམས་ཤོག་འཕེན་ཁུལ་དུ་འདེམས་ཤོག་འཕེན་ཡོད། ཚའེ་ཆི་ཡིས་ཀྲུང་ནན་ཧའེ་འདེམས་ཁུལ་གྱི་ཧུའེ་རེན་ཐང་འདེམས་ཤོག་འཕེན་ཁུལ་དུ་འདེམས་ཤོག་འཕེན་ཡོད། ཏིང་ཞུའེ་ཞང་གིས་ཝུན་ཅིན་སྲང་ལམ་འདེམས་ཁུལ་གྱི་ཙེ་ཀོང་ཀོ་འདེམས་ཤོག་འཕེན་ཁུལ་དུ་འདེམས་ཤོག་འཕེན་ཡོད། ལི་ཞི་ཡིས་ཏུང་ཁྲེང་ཁུལ་ཐའེ་ཅི་ཁྲང་འདེམས་ཁུལ་གྱི་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཨུད་ལས་ཁུངས་ཀྱི་འདེམས་ཤོག་འཕེན་ཁུལ་དུ་འདེམས་ཤོག་འཕེན་ཡོད་པ་རེད། ཧན་ཀྲེང་གིས་ལས་དོན་མི་སྣར་མངགས་བཅོལ་ཞུས་ནས་ཀྲུང་ནན་ཧའེ་འདེམས་ཁུལ་གྱི་ཧུའེ་རེན་ཐང་འདེམས་ཤོག་འཕེན་ཁུལ་དུ་འདེམས་ཤོག་འཕེན་ཡོད།
ཧུའུ་ཅིན་ཐའོ་ཡིས་ལས་དོན་མི་སྣར་མངགས་བཅོལ་ཞུས་ནས་ཀྲུང་ནན་ཧའེ་འདེམས་ཁུལ་གྱི་ཧུའེ་རེན་ཐང་འདེམས་ཤོག་འཕེན་ཁུལ་དུ་འདེམས་ཤོག་འཕེན་ཡོད།
ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་འགོ་ཁྲིད་ཀྱི་ལས་གནས་ཐོག་ནས་དགོངས་ཞུ་གནང་བའི་བློ་མཐུན་གྱིས་རང་སོ་སོའི་འདེམས་ཁུལ་དུ་འདེམས་ཤོག་འཕེན་པའམ་ཡང་ན་མི་གཞན་ལ་འདེམས་ཤོག་འཕེན་རྒྱུར་མངགས་བཅོལ་ཞུས་ཡོད།
ཚེས་6ཉིན་གྱི་ཉིན་མོར། པེ་ཅིང་གྲོང་ཁྱེར་དུ་ཁྱོན་འདེམས་ཤོག་འཕེན་ཁུལ་13054བཙུགས་ཡོད་པ་དང་། ཁྱད་གྲངས་འདེམས་བསྐོའི་ཐབས་ལམ་བརྒྱུད། སྐབས་གསར་པའི་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་4898དང་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་11137འདེམས་ཐོན་བྱ་རྒྱུ་ཡིན་པ་རེད།
འཕྲིན་སྟེགས། weikangba