ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ། ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཏང་ཨུ་བཅས་ཀྱིས་ཚེས3ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐེངས་དང་པོ་ཚོགས། ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཐང་ཧྥང་ཡུས་ཀྱིས་སྒྲོག་བཤད་སྙན་ཞུ་བྱས།
ཐང་ཧྥང་ཡུས་ཀྱི་སྙན་ཞུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་དམིགས་ཏེ། 《ཆོད་དོན་》གྱི་འཆར་ཟིན་བཀོད་ཚུལ་དང་ཁྱད་ཆོས་གཙོ་བོ་ངོ་སྤྲོད་བྱས་པ་དང་། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་ཀྱིས་སྐྱོང་བའི་ཐད་ཀྱི་གྲུབ་འབྲས་རླབས་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཚོགས་ཚུན་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་རྒྱས་བཤད་བྱས། ཕྱོགས་ཡོངས་ནས་ཏང་ནན་ཀྱིས་སྐྱོང་བར་སྐུལ་འདེད་ལྷོད་མེད་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན། མཛུབ་ཁྲིད་བསམ་བློ། གཞི་འཛིན་སའི་རྩ་དོན། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་གཙོར་བཟུང་ནས་འགྲེལ་བཤད་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུའི་ཐད་ཀྱི་ངོས་འཛིན་དང་མྱོང་ཚོར་གླེང་།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཐང་ཧྥང་ཡུས་ཀྱིས་བཤད་རྒྱུར།
ཚང་འཛོམས་གྲོས་ཚོགས་རྒྱལ་ཁའི་ངང་ཚོགས་པ་དེས་རང་རེའི་ཏང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཐད་ཀྱི་བློ་རིག་གསལ་བོ་དང་དང་བློ་སྤོབས་བརྟན་པོ་གང་ལེགས་སྒོས་མཚོན་ཡོད་པ་དང་། ཏང་དང་མི་དམངས་ཀྱིས་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་ཐོབ་པའི་ཡིད་ཆེས་བརྟན་པོ་དང་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་གང་ལེགས་སྒོས་མངོན་ཡོད། ཏང་ཡོངས་མཐུན་སྒྲིལ་དང་གཅིག་གྱུར་ཚད་མཐོན་པོ་ཡོད་པ་དང་། ཏང་སེམས་དང་དམག་སེམས། དམངས་སེམས་བཅས་ཚད་མཐོའི་ངང་གཅིག་ཏུ་འགྲིལ་བའི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ཡོད་སྟབས། ཏང་གི་ལོ་རྒྱུས་སྟེང་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཆེན་པོ་འཇོག་ངེས།
སྙན་ཞུའི་ཡི་མ་ལག་ཆ་ཚང་ཞིང་གཙོ་གནད་འབུར་དུ་ཐོན་ཡོད་ལ། གནད་ལའང་འཁེལ་ཡོད། དཔེ་མཚོན་གྱོད་དཔེ་དང་འབྲེལ་ཡོད་གཞི་གྲངས་ལ་བརྟེན་ནས་འགྲེལ་བཤད་རྒྱག་རྒྱུར་དོ་སྣང་བྱས་ཏེ། ཉན་མཁན་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རོགས་བྱས།
རྒྱལ་ཁབ་བསྡོམས་རྩིས་ཅུས་ལས་ཁུངས་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གི་གྱོད་དོན་ཞིབ་གཅོད་ཁང་གི་ཀྲུའུ་རེན་གཞོན་པ་ཧྥན་ཞུས་ཀྱིས་བཤད་རྒྱུར།
ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་མོ་བཅས་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་མིག་དཔེའི་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུ་ཡིན། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལས་ཁུངས་འཛིན་པ་དང་སྡེ་ཁག་གི་སྣེ་ཁྲིད་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་རྒྱུན་སྐྱོང་རྒྱུ་ཡིན་པ་དང་། ཏང་འཛུགས་སྐྱོང་བྱ་རྒྱུ་དེ་བསྡོམས་རྩིས་ཀྱི་ལས་ཀ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་བསྐྲུན་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཕྱིར་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན།
པེ་ཅིན་སློབ་ཆེན་ཁོར་ཡུག་ཚན་རིག་དང་བཟོ་སྐྲུན་སློབ་གླིང་གི2024ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡོན་ཅང་གིས་བཤད་རྒྱུར།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཏང་གཤིས་ཆེ་རུ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་ཀྱིས་སྐྱོང་བའི་རྩ་བའི་ལས་འགན་དུ་གཏན་འཁེལ་བྱས་ཤིང་། གཞོན་ནུ་ཏང་ཡོན་ལ་ཁ་ཕྱོགས་ཀྱང་གསལ་བོར་བསྟན། གཞོན་ནུ་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱུ་དེ་ཚེ་གང་བོའི་དཔྱད་གཞིར་བཟུང་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བློ་རྩ་ཇེ་བརྟན་དུ་གཏོང་དགོས། ཆེད་ལས་ཀྱི་དགེ་མཚན་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་པ་དང་། དངོས་ཐོག་བདེན་འཚོལ་གྱི་གོ་རིམ་ཁྲོད་བློ་དཀར་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ནུས་པ་སྦྱོང་བརྡར་བྱས་ཏེ། ང་ཚོའི་མི་རབས་འདི་ལ་དབང་བའི་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་བསྐྱོད་དགོས།
པེ་ཅིན་དུ་ཡོད་པའི་ཏང་སྲིད་དམག་གསུམ་གྱི་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཀྲུང་དབྱང་གི་ཁེ་ལས་དང་མཐོ་རིམ་སློབ་གྲྭའི་འགན་འཁུར་བ། གཞུང་ལུགས་ཀྱི་བྱ་བ་སྒྲུབ་མཁན། ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་སོགས་མི700ལྷག་ཚོགས་འདུར་ཞུགས།
འཕྲིན་སྟེགས། weikangba