ཚེས་ཉེར་དགུ་ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སུས་ཡོ་རོབ་གླིང་དང་དམག་འཁྲུག་རྒྱག་འདོད་མེད་ཀྱང་གྲ་སྒྲིག་ཡག་པོ་བྱས་ཡོད་ཅེས་གསུངས་པ་རེད། ཁོས་ད་དུང་གལ་ཏེ་ཨུ་རུ་སུ་དང་ཡོ་རོབ་བར་དུ་དམག་འཁྲུག་བྱུང་ན་རྒྱལ་ཁ་ཐོབ་མཁན་ཡོད་མི་སྲིད་པའི་ཉེན་བརྡ་བཏང་།
ཨུ་རུ་སུ་དང་ཧྥེ་གླིང་རྩེ་འཛོམས་གྲོས་ཚོགས་སྐབས་གསུམ་པ་དང་། དཔལ་འབྱོར་དང་མི་ཆོས་རིང་ལུགས་ཀྱི་གླེང་སྟེགས་ཉིན་དེར་མཇུག་བསྒྲིལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག གསར་འགོད་པ་ཁ་ཤས་ཀྱིས་ཨུ་རུ་སུས་ཨུ་རུ་སུ་དང་ཡོ་རོབ་གཉིས་བར་༢༠༣༠ལོའི་གོང་དམག་འཁྲུག་ལངས་རྒྱུར་གྲ་སྒྲིག་ཡག་པོ་བྱེད་དགོས་མིན་སྐད་ཆ་དྲིས་པ་དང་ཕུའུ་ཅིང་གིས་གོང་གི་གཏམ་བརྗོད་སྤེལ་བ་རེད།
ཕུའུ་ཅིན་གྱིས་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་ཀྱིས་ད་བར་ཨུ་རུ་སུར་འཐབ་ཇུས་ཀྱི་ཕམ་ཉེས་འཕྲད་པའི་དམིགས་ཚད་མངོན་འགྱུར་བྱེད་ཐུབ་མེད་ལ་༢༠༣༠ལོ་ལའང་མངོན་འགྱུར་སླ་མོ་མེད། གལ་ཏེ་གནས་བབ་ཇེ་སྡུག་འགྲོ་ན་རྒྱལ་ཁ་ཐོབ་མཁན་རྩ་བ་ནས་ཡོད་མི་སྲིད་ཅེས་གསུངས་པ་རེད།
ཕུའུ་ཅིན་གྱིས། ཡོ་རོབ་གླིང་ནང་ལ་ཡང་མི་ལ་ལས་ཨུ་རུ་སུ་ལ་འཐབ་ཇུས་ཕམ་ཁ་བྱུང་འཇུག་མི་བསམ་པ་དང་། དགེ་མཚན་རང་བཞིན་གྱི་ཁ་བརྡ་བྱེད་པའི་རེ་བ་བྱེད་བཞིན་ཡོད་རེད་ཟེར། ཁོང་གིས་ཨུ་རུ་སུས་ཡོ་རོབ་གླིང་གི་རྒྱལ་ཁབ་དང་ཕྱོགས་ཡོངས་དང་ཆ་ཚང་བའི་འབྲེལ་བ་སླར་གསོ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི་བྱེད་ཐབས་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་པ་དང་། ཡོ་རོབ་མནའ་འབྲེལ་རྩ་འཛུགས་དང་། ཕྱོགས་གཉིས་ཀྱི་ཐབས་ལམ་བརྒྱུད་པ་གང་རུང་ཡིན་ནའང་ཆོག་ཟེར།
ཚེས་ཉེར་བདུན་ཉིན་ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་དང་ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐེ་ལེ་དང་ཁ་པར་གཏོང་བའི་སྐོར་གླེང་སྐབས་ཕུའུ་ཅིན་གྱིས། སི་ཐུའུ་པུའུ་དང་སི་ཐེ་ལེ་གཉིས་ཀྱིས་ཐེངས་འདིར་ཁ་པར་མ་གཏོང་གོང་ནས། ཁོང་གཉིས་ཀྱིས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཐོབ་ཐང་ཐོག་ནས་ཁོང་དང་ཁ་པར་གཏོང་བ་ལས་ཡོ་རོབ་མནའ་འབྲེལ་གྱི་ཚབ་བྱེད་མིན་ཞེས་ནན་བཤད་བྱས་ཡོད་ཟེར། ཕུའུ་ཅིན་གྱིས་ད་དུང་སི་ཐུའུ་པུའུ་དང་སི་ཐི་ལི་གཉིས་ལ་ཐེངས་འདིའི་ཁ་བརྡ་བྱས་རྗེས་སྐྱོན་བརྗོད་ཐེབས་ཡོད་ཟེར།
འདི་ནི་ཕུའུ་ཅིན་གྱིས་ལོ་གཅིག་ལྷག་གི་རིང་ཐེངས་དང་པོར་ཡུག་རེན་ལ་རྒྱབ་སྐྱོར་བྱེད་པའི་ཡོ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་ཁ་བརྡ་བྱས་པ་ཡིན་ལ། ཐེངས་འདིའི་ཁ་པར་ནི་ཨུ་རུ་སུ་དང་ཡུག་རེན་གྱིས་ཚེས་ཉེར་བདུན་ཉིན་ནས་བཟུང་ཨའོ་ལེ་ཧྲི་ཅི་ས་ཁུལ་ཁ་ཤས་སུ་དམག་མཚམས་འཇོག་འགོ་ཚུགས་པ་དང་། ཨུ་རུ་སུ་དང་ཨ་རི་ཕྱོགས་གསུམ་གྱི་གྲོས་མོལ་འཚོག་གྲབས་ཡོད་པའི་རྒྱབ་ལྗོངས་འོག་སྤེལ་ཅེས་བསྟན།
འཕྲིན་སྟེགས། weikangba