ཞི་ཅིན་ཕིང་སྟངས་དཔྱལ་དགའ་བསུ་ཞུ་བའི་གསོལ་སྟོན་འདིར་ཞུགས་གནང་བ།

2026-09-25
662

ས་གནས་དེ་གའི་དུས་ཚོད་ཟླ་9པའི་ཚེས་24ཉིན་གྱི་དགོང་མོ། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་སྐུ་ཟླ་མེ་ལ་ཉི་ཡས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་ཕོ་བྲང་དཀར་པོར་བསུ་བ་ཞུ་བའི་གསོལ་སྟོན་བཤམས་ཡོད།

ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཕོ་བྲང་དཀར་པོར་ཕེབས་འབྱོར་ཟིན་སྐབས་ཐེ་རོན་ཕུ་དང་མེ་ལ་ཉི་ཡས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་དང་སྐུ་ཟླས་ལྷན་དུ་སྐུ་པར་བསྐྱོན་པ་དང་འབྲེལ་གསོལ་སྟོན་ལ་ཞུགས་པར་ཕེབས་པའི་སྐུ་མགྲོན་རྣམས་ལ་མཇལ་འཕྲད་གནང་ཡོད།

གསོལ་སྟོན་འགོ་ཚུགས་རྗེས་ཞི་ཅིན་ཕིང་དང་ཐེ་རོན་ཕུས་ཁག་སོ་སོར་ཤིས་ཚིག་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བའི་གོང་འཕེལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཨ་རིའི་ལས་རིགས་ཁག་གི་མི་སྣར་ལྷག་བསམ་དག་པའི་འཚམས་འདྲི་དང་ཟླ་མཆོད་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ད་ལོའི་ཟླ་5པར། ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་ལེགས་གྲུབ་ལྡན་པའི་འཚམས་འདྲི་གནང་ཡོད། དུས་ཐུང་ལོ་ཕྱེད་མ་སོང་བར་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཕན་ཚུན་འཚམས་འདྲི་ཞུ་རྒྱུ་མངོན་དུ་འགྱུར་བ་དེས་རྒྱལ་ཁབ་གཉིས་པོའི་འགྲོ་འོང་གི་ལོ་རྒྱུས་བཏོད་ཡོད། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་ཐུན་མོང་ངོས་འཛིན་གསར་པ་མང་པོ་ཞིག་བྱུང་བ་དེས་ཀྲུང་གོ་དང་ཨ་རིའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་། ཀྲུང་ཨའི་འབྲེལ་བར་འཐབ་ཇུས་ཀྱི་མཛུབ་ཁྲིད་གསར་པ་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ལོ་ངོ་200ལྷག་གི་གོང་། ཨ་རིར་རང་བཙན་ཐོབ་པ་ནས་བཟུང་མིག་རྒྱང་ཀྲུང་གོར་ཕྱོགས་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་དངོས་ཟོག་བརྗེ་རེས་དང་བཟང་ཆ་གསབ་རེས་བྱས་ཏེ་ཉོ་ཚོང་གི་འགྲོ་འོང་བཏོད་ཡོད། ལོ་ངོ་80ལྷག་གི་གོང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པར་འགོག་རྒོལ་བྱས་ཤིང་། ཁྲག་དྲོན་ལས་གྲུབ་པའི་མཛའ་གྲོགས་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ངེས་རེད། ལོ་ངོ་50ལྷག་གི་གོང་། ཕིང་ཕང་སྤོ་ལོའི་ཕྱི་འབྲེལ་གྱིས་ཡུན་རིང་ཆད་པའི་འགྲོ་འོང་གི་སྒོ་མོ་ཕྱེ་བ་དང་། ཀྲུང་ཨའི་ཆབ་སྲིད་མཁས་པ་རྒན་རབས་ཚོས་སྤོ་ལོ་ཆུང་ཆུང་གིས་རྒྱལ་ཁབ་ཆེན་པོ་གཉིས་པོའི་ཕྱི་འབྲེལ་སླར་གསོ་བྱེད་པའི་ཆབ་སྲིད་ཀྱི་བློ་རིག་ལ་བརྟེན་ནས། ཀྲུང་ཨའི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་རླབས་ཆེའི་འཕེལ་རིམ་བཏོད་ཡོད། ལོ་ངོ་20ལྷག་གི་གོང་། མིང་ལ་སའེ་ཁའོ་སི་ཞེས་འབོད་པའི་ཨ་རི་བ་ཞིག་གིས་ཀྲུང་གོའི་བྱེ་བཅོས་མི་སྣ་དབྱིན་ཡུས་ཀྲེན་གྱིས་ཤིང་འཛུགས་པར་རོགས་རམ་བྱས་ཤིང་། ཁོང་ཚོའི་གཏམ་རྒྱུད་ཀྱིས་ཀྲུང་གོའི་མང་ཚོགས་མང་པོ་སེམས་འགུལ་ཐེབས་ཡོད་ལ། དེ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་གི་མིག་དཔེ་ཡང་རེད། ཀྲུང་ཨའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་བློ་སེམས་གཅིག་མཐུན་ཡོང་བར་ཕན་ཐོགས་བྱུང་ཡོད་ལ། ཀྲུང་ཨའི་མཛའ་གྲོགས་མཉམ་ལས་ལ་དམངས་འདོད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ད་ཆ། ཀྲུང་ཨའི་འབྲེལ་བ་སླར་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། ཙུང་ཐུང་ཐེ་རོན་ཕུས་ཨ་རི་སླར་ཡང་རླབས་ཆེན་དུ་འགྱུར་བ་དང་། ཀྲུང་གོས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཤུགས་སྣོན་རྒྱག་བཞིན་ཡོད་ཅེས་བསྟན་ཡོད། དམིགས་འབེན་དེ་གཉིས་ཀ་རླབས་ཆེ་ལ་རྦད་དེ་ཕན་ཚུན་འགྲུབ་རོགས་བྱས་ཆོག ཕྱོགས་གཉིས་པོས་རྒྱལ་ཁབ་ཆེན་པོའི་འགན་སེམས་མངོན་པ་དང་། མི་དམངས་ཀྱི་རེ་སྒུག་དང་དུས་རབས་ཀྱི་འཕེལ་ཕྱོགས་ལ་བསྟུན་པ། རྒྱལ་ཁབ་ཆེན་པོའི་ཡང་དག་མཉམ་གནས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱེད་དགོས། ལོ་རྒྱུས་ཀྱི་ཆུ་རྒྱུན་བར་མེད་བཞུར་བ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་བྱ་གཞག་གི་མདུན་ལྗོངས་སྔར་བས་ཇེ་ཡངས་རེད། ཕྱོགས་གཉིས་པོས་ལག་གདང་དཔུང་སྦྲེལ་གྱིས་མདུན་དུ་སྐྱོད་པ་དང་། ཐུན་མོང་ཐོག་ཀྲུང་ཨའི་མཛའ་གྲོགས་ཀྱི་མེ་ཏོག་དྲིན་གྱིས་བསྐྱངས་ཏེ། ཀྲུང་ཨའི་མཛའ་གྲོགས་ཀྱི་ལེའུ་གསར་པ་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།

ཐེ་རོན་ཕུས། ང་རང་ད་ལོའི་ཟླ་5པར་ཀྲུང་གོར་འཚམས་འདྲིར་ཡོང་སྐབས་ཀྲུང་གོའི་མི་དམངས་ཀྱི་སྤྲོ་སེམས་དང་མཛའ་བརྩེས་ང་རང་ལ་བག་ཆགས་གཏིང་ཟབ་དང་ཡག་པོ་བཞག་བྱུང་། དོ་དགོང་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣ་མཉམ་དུ་འཛོམས་ཏེ། ཨ་ཀྲུང་དབར་གྱི་ལེ་དབར་ཁྲི་ལས་བརྒལ་བ་དང་ལོ་ངོ་བརྒྱ་ལྷག་རྒྱུན་བསྐྱངས་པའི་མཛའ་གྲོགས་ལ་མཉམ་དུ་རྟེན་འབྲེལ་ཞུ་རྒྱུ་ཡིན། ཨ་ཀྲུང་རྒྱལ་ཁབ་གཉིས་པོར་རིག་གནས་ཀྱི་ལོ་རྒྱུས་རིང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཡུན་རིང་མཛའ་གྲོགས་འགྲོ་འོང་བྱེད་ཀྱི་ཡོད། མ་གཞི་ཕྱོགས་གཉིས་པོའི་ལམ་ལུགས་མི་འདྲ་ནའང་ཨ་ཀྲུང་དབར་གྱི་མཛའ་གྲོགས་ཡུན་རིང་ལ་བརྟན་པོ་ཡོད། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཕན་ཚུན་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མུ་མཐུད་སྐྱེད་སྲིང་བྱས་ནས་བུ་རབས་ཚ་རྒྱུད་ཡུན་རིང་དར་རྒྱས་དང་བདེ་འཇགས་ཡོང་བ་བྱེད་འདོད་ཡོད་ཅེས་བསྟན་པ་རེད།

གསོལ་སྟོན་རྣམ་པ་མཛའ་བརྩེ་སྤྲོ་སྣང་ཆེ། གསོལ་སྟོན་རིང་ཨ་རིའི་སྒྱུ་རྩལ་མཁས་པས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ཡོད།

ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་གསོལ་སྟོན་ལ་ཞུགས་གནང་བ་རེད།

  • 顶