ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་24ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཕོ་བྲང་དཀར་པོར་མཇལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་གཙོ་བོས་ལོ་ཕྱེད་ཀྱང་མ་འགོར་བའི་དུས་ཚོད་ནང་ཕན་ཚུན་འཚམས་འདྲི་ཞུས་པ་དེ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་རེད། ང་རང་དང་ཙུང་ཐུང་ཐེ་རོན་ཕུས་ཐོག་མཐའ་བར་གསུམ་དུ་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། ལྷན་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདིར་ཕྱོགས་སྟོན་སྣེ་ཁྲིད་བྱེད་བཞིན་ཡོད། འདི་ལོའི་ཟླ་5པར། ང་རང་དང་ཙུང་ཐུང་ཐེ་རོན་ཕུས་མགྲིན་གཅིག་ཏུ། ཀྲུང་གོ་དང་ཨ་རིའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་འཛུགས་རྒྱུའི་གཏན་འབེབས་བྱས་པ་ཡིན། ངེས་གནས་གསར་པ་དེའི་ཐོག་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་དོན་དངོས་མཚོན་ཡོད་ལ། འབྱུང་འགྱུར་ལ་བཅངས་པའི་རེ་བ་ཡང་མཚོན་ཡོད་པས། རྒྱལ་ཁབ་གཉིས་པོ་མཉམ་གནས་ཡང་དག་བྱེད་པའི་ལམ་བུའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་གལ་ཆེན་ཞིག་རེད། ང་ཚོས་འདུན་པ་དེ་བྱ་སྤྱོད་དངོས་ལ་བསྒྱུར་ཐོག མཉམ་ལས་གཙོ་བོར་འཛིན་པ་དང་། འགྲན་རྩོད་ལ་ཚད་ཡོད་པ། ཕྱོགས་འགལ་ཚོད་འཛིན་ཐུབ་པ། ཞི་བདེར་རེ་སྒུག་བྱེད་པ་བཅས་ཀྱི་ཕྱོགས་སུ་འབད་བརྩོན་བྱས་ནས། རྒྱལ་ཁབ་ཆེན་པོ་གཉིས་ཀྱི་མཉམ་གནས་ཀྱི་ཡང་དག་པའི་ལམ་བུ་ཞིག་གཏོད་དགོས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་དངོས་སྒྲུབ་མཉམ་ལས་ཁྲོད་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་པ་དང་། ལུགས་མཐུན་འགྲན་རྩོད་ཁྲོད་ཕྱོགས་གཉིས་ཀར་གྲུབ་འབྲས་ཐོབ་པ་བྱེད་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་ཁྲོད་འགལ་ཟླ་ཐག་གཅོད་འོས་འཚམ་བྱེད་པ། ཕན་ཚུན་ཡིད་ཆེས་བློ་སྨོན་བྱེད་པའི་ཁྲོད་ཞི་བདེ་བསྐྲུན་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་སྔར་ལས་ལེགས་པ་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་ཚོགས་པས་རེས་སྐོར་གསར་པའི་གྲོས་མོལ་བྱས་ཤིང་། མཉམ་འབྲེལ་བཀོད་སྒྲིག་གསར་པ་བྱས་པ་དེ་རྒྱལ་ཁབ་གཉིས་པོའི་ཐོན་ལས་ལས་རིགས་དང་། མང་ཚོགས། ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅས་ཀྱི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་རེད། མཉམ་ལས་ནི་གཉིས་བགྲོད་ལམ་བུ་ཞིག་ཡིན་པས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བརྟན་པོ་ཡོང་བར་མཉམ་ལས་ཀྱི་གསལ་ཐོ་རིང་དུ་གཏོང་དགོས་ལ། གནད་དོན་གྱི་གསལ་ཐོ་ཐུང་དུ་གཏོང་དགོས། འདྲ་མཉམ་དང་བརྩི་འཇོག གཉིས་ཕན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ན། ད་གཟོད་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་རྙེད་ཐུབ། ཕྱོགས་གཉིས་པོས་ཁ་ཕྱོགས་གཅིག་ཏུ་བསྐྱོད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་རྒྱུན་མཐུད་དང་བརྟན་པོའི་ངང་ལེགས་ཕྱོགས་སུ་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རི་གཉིས་ཀ་མི་ཐབས་རིག་ནུས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་ཞིང་། ཕྱོགས་གཉིས་པོའི་བར་འགྲན་རྩོད་ཡོད་ལ། དེ་བས་ཀྱང་མཉམ་ལས་བྱེད་ཆོག་པས། རང་སོ་སོའི་བཟང་ཆ་འདོན་སྤེལ་བྱེད་པ་ལས་ཕན་ཚུན་འགོག་རྐྱེན་བཟོ་མི་རུང་། ཕྱོགས་གཉིས་པོས་མུ་མཐུད་མི་ཐབས་རིག་ནུས་ཐད་སྐད་ཆ་ཤོད་རེས་བྱེད་པ་དང་། དེའི་ཉེན་ཁ་དང་ཁེ་ཕན་ཐད་སྤེལ་རེས་བྱས་ཏེ་མི་ཐབས་རིག་ནུས་གང་བྱུང་དུ་སྤྱོད་པར་ཐུན་མོང་ཐོག་དོགས་ཟོན་བྱེད་དགོས། མིའི་རིགས་ཀྱིས་མི་ཐབས་རིག་ནུས་ལག་རྩལ་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་རྩ་བར་འཛིན་པ་དང་ཡར་ཐོན་བཟང་ཕྱོགས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མི་ཐབས་རིག་ནུས་ཀྱིས་མིའི་རིགས་ཀྱི་ཡར་ཐོན་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱི་རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན། ཨ་རི་ཕྱོགས་ཀྱིས“ཐའེ་ཝན་རང་བཙན”ཟེར་བར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ཡང་དག་མཐའ་འཁྱོངས་དང་། ཐའེ་ཝན་གྱི་གནད་དོན་ཐག་གཅོད་གཟབ་ནན་བྱས་ནས། ཀྲུང་གོ་དང་ཨ་རིའི་འཐབ་ཇུས་མཉམ་ལས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཡོང་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
ཐེ་རོན་ཕུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བ་དེ་ནི་རླབས་ཆེ་བའི་འཚམས་འདྲི་ཞིག་རེད། ཨ་རི་དང་ཀྲུང་གོ་གཉིས་ཀ་རྒྱལ་ཁབ་ཆེན་པོ་ཡིན་པ་དང་། ང་རང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ནི་གྲོགས་པོ་བཟང་པོ་ཡིན་ཞིང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ང་ཚོའི་འགོ་ཁྲིད་འོག ཨ་རི་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཇེ་ལེགས་ཇེ་བཟང་དུ་གཏོང་ཐུབ་ངེས་རེད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་ཚོགས་པས་རེས་སྐོར་གསར་པའི་གྲོས་མོལ་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ཕྱོགས་གཉིས་པོས་མུ་མཐུད་སྐད་ཆ་ཤོད་རེས་བྱས་ནས་གྲོས་མཐུན་དེ་བས་ཡག་པ་འཇོག་ཐུབ་པ་བྱེད་དགོས། མི་ཐབས་རིག་ནུས་ནི་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པས། ཨ་རི་དང་ཀྲུང་གོས་དེའི་ཐད་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་གནང་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་དབུས་ཤར་ས་ཁུལ་གྱི་དུས་བབ་དང་། ཡུག་རེན་གྱི་ཉམས་ཉེན། ཁོ་རེ་ཡ་ཕྱེད་གླིང་ཕྲན་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་2026ལོའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་དང་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཡག་པོ་འཚོག་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུའི་གཏན་འཁེལ་གནང་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་མཇལ་མོལ་ནང་ཞུགས་ཡོད།
འཕྲིན་སྟེགས། weikangba