ཟླ་བ་དགུ་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་འཛམ་གླིང་ ནུས་རྩལ་འགྲན་ཚོགས་སྐབས་ཞེ་བརྒྱད་པ་ལ་ཤིས་འཕྲིན་སྤྲིངས་པ་རེད། ཞི་ཅིན་ཕིང་གིས། མིག་སྔར། སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཇེ་མགྱོགས་སོང་ནས། འཛམ་གླིང་གི་རྩལ་ནུས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། འཛམ་གླིང་རྩལ་ནུས་འགྲན་ཚོགས་ལས་ཐོན་ལས་དགོས་མཁོ་དང་ཟུང་འབྲེལ་ནན་མོ་བྱས་ནས། རྒྱལ་ཁབ་ཁག་གི་རྩལ་ནུས་འཇོན་མིའི་ལག་རྩལ་ཇེ་མཐོ་དང་ཕན་ཚུན་སློབ་སྦྱོང་དཔེ་སྟོན་གྱི་སྟེགས་བུ་ཡག་པོ་བསྐྲུན་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོས་སྐབས་འདིའི་འགྲན་ཚོགས་གོ་སྐབས་སུ་བཟུང་ནས། ངལ་རྩོལ་པ་སྔར་ལས་མང་པོ་དང་ལྷག་པར་དུ་ན་གཞོན་ཚོ་རྩལ་ནུས་འཇོན་ཐང་ཅན་གྱི་ལམ་ལ་བསྐྱོད་པར་སྐུལ་མ་དང་ཁྲིད་སྟོན་བྱ་རྒྱུ་ཡིན། ང་ཚོས་ཕྱོགས་སོ་སོ་དང་མཉམ་དུ་སྤེལ་རེས་མཉམ་ལས་ཇེ་དྲག་དང་། འཛམ་གླིང་གི་རྩལ་ནུས་ལས་སྒོ་འཕེལ་རྒྱས་བཏང་ནས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་དམངས་འཚོའི་བདེ་སྐྱིད་ལེགས་བཅོས་ལ་སྔར་ལས་ཞབས་ཞུ་ཡག་པོ་སྒྲུབ་པ་ཡིན་ཞེས་ནན་གསུང་གནང་།
ཚེས་ཉེར་གཉིས་ཉིན་འཛམ་གླིང་ནུས་རྩལ་འགྲན་ཚོགས་སྐབས་ཞེ་བརྒྱད་པ་ཧྲང་ཧའེ་རུ་འཚོགས་ཤིང་། རྩལ་ནུས་ལས་འཛམ་གླིང་བསྒྱུར་བཅོས་དང་རྩལ་ནུས་ལས་མདུན་ལམ་ཡངས་གསལ་བྱེད་དགོས་ཞེས་བརྗོད་གཞིར་བྱས་ཤིང་། འགྲན་ཚོགས་འདི་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱིས་གཙོ་བསྒྲུབས་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པ་རེད། འགྲན་ཚོགས་རིང་འཛམ་གླིང་གི་རྩལ་ནུས་ཚོགས་ཆེན་དང་འཛམ་གླིང་གི་རྩལ་ནུས་དངོས་མང་སྟོན་ཚོགས་སྤེལ་རྒྱུ་རེད།
འཕྲིན་སྟེགས། weikangba