ཨ་རིའི་དམག་དཔུང་གིས་ཞི་བདེ་རྒྱ་མཚོ་ཤར་མ་ནས་འཇབ་རྒོལ་བྱས་འདུག

2026-02-22
700


ཨ་རིའི་དམག་དཔུང་གིས་ཞི་བདེ་རྒྱ་མཚོ་ཤར་མ་ནས་འཇབ་རྒོལ་བྱས་འདུག  

ཨ་རིའི་འཕྲིན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་༢༠ཉིན། ཨ་རིའི་ལྷོ་ཕྱོགས་དམག་སྤྱི་ཁང་གིས་འཕྲིན་སྟེགས་ཐོག་རྩོམ་ཡིག་བཀོད་ནས། ཞི་བདེ་རྒྱ་མཚོ་ཤར་མ་ནས་དུག་ཚོང་གྲུ་གཟིངས་ཤིག་ལ་འཇབ་རྒོལ་དྲག་པོ་བྱས་ཏེ་གྲུ་ཐོག་གི་མི་༣བསད་ཡོད་ཅེས་བཤད། 


         པར་རིས་ཡོང་ཁུངས། ཨ་རིའི་དམག་དཔུང་གི་ལྷོ་ཕྱོགས་དམག་སྤྱི་ཁང་གི་འཕྲིན་སྟེགས་ནས། 



ཆ་འཕྲིན་ནང་བཀོད་པ་ལྟར་ན། ཟླ་བ་༢ཚེས་༢༠ཉིན། ཨ་རིའི་དམག་དཔུང་གི་ལྷོ་ཕྱོགས་དམག་སྤྱི་ཁང་གི་དམག་སྤྱི་ཧྥུའུ་ལང་ཞི་སི་ཏུའོ་ནོ་ཝན་གྱི་བཀའ་ལྟར། ཨ་རིའི་ལྷོ་ཕྱོགས་ཀྱི་མདུང་ཞེས་པའི་མཉམ་འབྲེལ་ཆེད་མངགས་དམག་དཔུང་གིས་ཨ་རིའི་ཕྱོགས་ཀྱིས་འཇིགས་སྐུལ་རྩ་འཛུགས་ཀྱིས་གཉེར་བར་ངོས་འཛིན་བྱས་པའི་གྲུ་གཟིངས་ཤིག་ལ་འཇབ་རྒོལ་ཚ་ནན་བྱས་ཏེ། དུག་ཚོང་འཇིགས་སྐུལ་རིང་ལུགས་པ་༣བསད་ཡོད་ཟེར།  

ཨ་རིའི་དམག་དཔུང་གི་ལྷོ་ཕྱོགས་དམག་སྤྱི་ཁང་གིས། ཐེངས་འདིའི་རྒོལ་རྡུང་ནང་ཨ་རིའི་དམག་མིར་རྨས་སྐྱོན་ཕོག་མེད་ཅེས་བཤད་པ་རེད།   

དེ་སྔོན། ཚེས་༡༧ཉིན་ཨ་རིའི་དམག་དཔུང་གི་ལྷོ་ཕྱོགས་དམག་སྤྱི་ཁང་གིས་འཕྲིན་སྟེགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་༡༦ཉིན་གྱི་དགོང་མོར་ཨ་རིའི་དམག་དཔུང་གིས་ཞི་བདེ་རྒྱ་མཚོ་ཤར་མ་དང་ཅ་ལེ་པི་རྒྱ་མཚོ་ནས་ཨ་རིའི་ཕྱོགས་ནས་དུག་ཚོང་གྲུ་གཟིངས་སུ་འབོད་པའི་གྲུ་གཟིངས་གསུམ་ལ་འཇབ་རྒོལ་བྱས་ནས། གྲུ་ཐོག་གི་མི་༡༡བསད་ཡོད་ཟེར། 

༢༠༢༥ལོའི་ཟླ་༩པའི་ཟླ་འགོ་ནས་བཟུང་། ཨ་རིའི་དམག་དཔུང་གིས་ཅ་ལེ་པི་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ཤར་མ་ནས་ཨ་རིའི་ཕྱོགས་ནས་དུག་ཚོང་གྲུ་གཟིངས་སུ་འབོད་པའི་གྲུ་གཟིངས་ལ་འཇབ་རྒོལ་ཡང་ཡང་བྱས་པ་མ་ཟད། ཟླ་བ་༡༡ཚེས་༡༣ཉིན་ནས་ལྷོ་ཕྱོགས་མདུང་ཞེས་པའི་དམག་དོན་བྱ་སྤྱོད་སྤེལ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཡོད། འོན་ཀྱང་ཨ་རིའི་སྲིད་གཞུང་གིས་ཕར་རྒོལ་དམིགས་འབེན་དང་འབྲེལ་བའི་དུག་རྫས་ཉེས་བསགས་སྐོར་གྱི་བདེན་དཔང་གང་ཡང་ཁྱབ་བསྒྲགས་བྱས་མེད་པ་རེད།  

  • 顶