
ཟླ་དང་པོའི་ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཡོང་པའི་ཧྥིན་ལན་གྱི་ཙུང་ལི་ཨོར་པའོ་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཡོང་པའི་ཧྥིན་ལན་གྱི་ཙུང་ལི་ཨོར་པའོ་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཧྥིན་ལན་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་ངོ76སོང་བའི་རིང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ལ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ལྟ་བ། མ་འོངས་པར་ཁ་ཕྱོགས། མཉམ་ལས་གཉིས་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་དང་ཧྥིན་ལན་མི་དམངས་ལ་བློ་བརྟན་འགྱུར་མེད་དང་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ཡོད་དེ། ཕྱོགས་གཉིས་ཀས་ཕན་ཚུན་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། བརྗེ་རེས་ལ་ཤུགས་སྣོན་པ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་མང་པོ་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན། ཀྲུང་གོ་དང་ཧྥིན་ལན་གྱི་མཛའ་མཐུན་དང་ཕན་ཚུན་ཡིད་རྟོན་བྱེད་པར་ལོ་རྒྱུས་ཀྱི་རྨང་གཞི་ལྡན། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ”པ་འགོ་ཚུགས་པའི་ལོ་ཡིན། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་རྒྱུ་ཡིན་པས། ཕྱོགས་གཉིས་ཀས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ནུས་ཁུངས་ཚུལ་སྒྱུར་དང་། འཁོར་རྒྱུག་དཔལ་འབྱོར། ཞིང་ནགས་ཐོན་ལས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་གཏོད་དགོས། ཧྥིན་ལན་གྱི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རའི“རྒྱ་མཚོ་ཆེན་པོ”ནང“འཁྱུག་རྩལ་”མངོན་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཧྥིན་ལན་ནི་གངས་འཁྱགས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཅིག་ཡིན་ལ། དེ་བཞིན་ཀྲུང་གོ་ཡང་གངས་འཁྱགས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པས། ཕྱོགས་གཉིས་ཀས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་གངས་འཁྱགས་ཀྱི་མཛའ་མཐུན་རྒྱུན་མཐུད་ཡོང་བར་བྱེད་དགོས། ཧྥིན་ལན་གྱི་མང་ཚོགས་སྔར་ལས་མང་པོ་ཀྲུང་གོར་ཡོང་ནས་གནའ་བོའི་ལོ་རྒྱུས་དང་དེང་རབས་ཀྱི་ཆ་གཉིས་ཀ་འཛོམས་པའི་ཀྲུང་གོར་རྒྱུས་ལོན་བྱེད་པར་དགའ་བསུ་ཞུས་པ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ལ་མཚོན་ན་ཉེན་ཁ་དང་འགྲན་རྩོད་མང་པོར་འཕྲད་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས་ཤིང་། ལྷག་པར་དུ་རྒྱལ་ཁབ་ཆེན་པོས་སྣེ་ཁྲིད་དེ་འདྲ་མཉམ་དང་ཁྲིམས་སྐྱོང་། མཉམ་ལས། ཁ་དན་ཚིག་གནས་བཅས་ལ་དོ་སྣང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་རང་བཞིན་ལྡན་པའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཡོ་རོབ་ནི་གྲོགས་པོ་ཡིན་པ་ལས་འགྲན་ཡ་མིན་པས། ཕྱོགས་གཉིས་ཀའི་མཉམ་ལས་དེ་འགྲན་རྩོད་ལས་གཙོ་ཞིང་ཐུན་མོང་གི་ངོས་འཛིན་དེ་ཕྱོགས་འགལ་ལས་གལ་ཆེ། ཧྥིན་ལན་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་པའི་རེ་འདུན་བཅངས་ཡོད།

ཟླ་དང་པོའི་ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཡོང་པའི་ཧྥིན་ལན་གྱི་ཙུང་ལི་ཨོར་པའོ་ལ་ཐུག་འཕྲད་གནང་།
ཨོར་པའོ་ཡིས་བསྟན་དོན། ཧྥིན་ལན་དང་ཀྲུང་གོ་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ཡོད་དེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་བཙུགས་པས་ཡུན་རིང་པོར་བརྟན་བརླིང་ངང་འཕེལ་རྒྱས་བྱུང་ཡོད། ན་ནིང་ཕྱོགས་གཉིས་ཀྱིས་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར་དོན་ལྔ་ལོན་པར་རྟེན་འབྲེལ་ཞུས། ཧྥིན་ལན་ཕྱོགས་ཀྱི་ཁེ་ལས་ཀྱིས་ཀྲུང་གོར་མཉམ་ལས་བྱེད་པའི་རེ་འདུན་ཟབ་མོ་བཅངས་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། མཐོ་རིམ་འགྲོ་འོང་དམ་ཟབ། ཉོ་ཚོང་དང་དངུལ་གཏོང་། གཞི་གྲངས་དཔལ་འབྱོར། དག་གཙང་ནུས་ཁུངས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་རྒྱུ་ཡིན་ལ། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཐད་བླངས་པའི་ཕུལ་བྱུང་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་བསྣན་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཛུགས་སྐྲུན་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་རྒྱུན་འཁྱོངས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་ཞིང་། ཧྥིན་ལན་གྱིས་ཡོ་རོབ་ཀྱི་འཐབ་ཇུས་རང་བདག་དང་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་པའི་ལྟ་བ་བཏོན་ནས། ཡོ་རོབ་དང་ཀྲུང་གོས་ཚོང་དོན་འགལ་བའི་གནད་དོན་འོས་འཚམ་གྱིས་ཐག་གཅོད་བྱེད་པ་དང་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད།
ཝང་དབྱི་ཐུག་འཕྲད་ལ་ཞུགས། །
འཕྲིན་སྟེགས། weikangba