པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཁྲི་གསོལ་གནང་ནས་ལོ30འཁོར་བའི་དྲན་གསོའི་ཚོགས་ཆེན་བཀྲས་ལྷུན་དགོན་དུ་འཚོགས་པ་རེད།

2025-12-11
277

ཟླ12པའི་ཚེས9ཉིན། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཁྲི་གསོལ་གནང་ནས་ལོ30འཁོར་བའི་དྲན་གསོའི་ཚོགས་ཆེན་བཀྲས་ལྷུན་དགོན་དུ་འཚོགས་པ་རེད།

  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ལིན་རུའེ་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཀྲེ་ཀང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲང་ཚང་བཅས་ཚོགས་འདུར་ཞུགས་པ་རེད།

  ལིན་རུའེ་དང་། ལིའུ་ཅང་། ཁྲང་ཚང་། ས་ལུང་ཕུན་ལགས་སོགས་ཀྱིས་ཁག་སོ་སོར་གསུང་བཤད་གནང་སྟེ་པཎ་ཆེན་རིན་པོ་ཆེ་ཁྲི་གསོལ་གནང་ནས་ལོ30འཁོར་བར་རྟེན་འབྲེལ་ཞུས་པ་དང་། པཎ་ཆེན་རིན་པོ་ཆེས་གསུང་བཤད་གནང་བ་རེད།

  ལིན་རུའེ་ཡིས་བསྟན་དོན། ཏང་ཀྲུང་དབྱང་གིས་པཎ་ཆེན་རིན་པོ་ཆེ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་རིན་པོ་ཆེའི་གུས་མཇལ་ཐེངས་གཉིས་དང་ལེན་གནང་བ་མ་ཟད། ཐུགས་རེ་ཟབ་མོའང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་པཎ་ཆེན་རིན་པོ་ཆེ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། དེས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་ནས་རྒྱུན་འཛིན་བྱེད་པར་ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད། པཎ་ཆེན་རིན་པོ་ཆེ་ཁྲི་གསོལ་གནང་ནས་ལོ30ཡི་རིང་ཕྱོགས་གང་ཅིའི་ཐད་ལ་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེན་མོའི་གཟུགས་བརྙན་བཟང་པོ་མངོན་ནས་སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།

  ལིན་རུའེ་ཡིས་ནན་བཤད་གནང་དོན། ལོ70ལྷག་ཙམ་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ་བཅས་བརྒྱུད། བོད་ལྗོངས་ལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་བྱུང་བ་དང་། དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། བོད་བརྒྱུད་ནང་བསྟན་མི་སྣས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་པ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་མཐའ་འཁྱོངས་བྱས་ཏེ། མི་རིགས་འཆམ་མཐུན་དང་། ཆོས་ལུགས་ཞི་དུལ། སྤྱི་ཚོགས་ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་བར་བོད་བརྒྱུད་ནང་བསྟན་གྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་པར་ཁྲིད་སྟོན་བྱེད་དགོས།

  ལིའུ་ཅང་གིས་གསུངས་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣས་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་དང་བཀའ་སློབ་ནན་པོ་བྱ་སྤྱོད་དངོས་ལ་བསྒྱུར་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་བྱེད་ཐུབ་པའི་རེ་བ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་པར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས “འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ། “ཚད་གཞི་བཞིར་བརྩི་སྲུང་ལག་བསྟར་བྱེད་པའི”བྱེད་སྒོ་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

  པཎ་ཆེན་རིན་པོ་ཆེས་གསུངས་དོན། ལོ30ཡི་གོང་ཀྲུང་དབྱང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ལུགས་ཀྱི་ཆོ་གར་བརྩི་སྲུང་ནན་པོ་ཞུས་ནས། ང་རང་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ལ་ངོས་འཛིན་གཏན་འཁེལ་གནང་བ་དེ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པ་དང་། ཀྲུང་དབྱང་སྲིད་གཞུང་ནས་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལས་དོན་གྱི་ལོ་རྒྱུས་ཀྱི་དབང་གྲགས་དང་ཁྲིམས་ལྟར་དོ་དམ་བྱེད་པར་སྲུང་སྐྱོང་ཧུར་ཐག་བྱས་ཡོད། ལོ30ཡི་རིང་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་ཟབ་བཞེས་དང་བརྩེ་བ་ཟབ་མོས་གསོ་སྐྱོང་གནང་བ་ང་རང་རང་གིས་མྱོང་ཚོར་ཟབ་མོ་བྱུང་། ང་ཚོ་ཆོས་ལུགས་ལས་རིགས་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་ལམ་གསར་པར་ཧུར་ཐག་ཞུགས་པའི་སྣེ་ཁྲིད་བཅས་བྱེད་ཀྱི་ཡིན།


  • 顶