༢༠༢༥ལོར་རང་རྒྱལ་གྱིས་ཞིང་ལས་ཞིང་སྡེ་སྔོན་དུ་འཕེལ་རྒྱས་དམིགས་འབེན་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་དང་། གཞི་ཁྱོན་ཅན་གྱི་དབུལ་ལོག་དང་དབུལ་ཕོངས་ཅན་གྱི་མ་མཐའི་ཚད་གཞི་བརྟན་སྲུང་བྱེད་ཅིང་། གྲོང་གསེབ་འཛུགས་སྐྱོང་བྱ་སྤྱོད་ལག་བསྟར་ཟབ་མོ་བྱས་ནས། ཞིང་ལས་ཞིང་གྲོང་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་སྤོ་གང་ཐུབ་བྱེད་བཞིན་ཡོད།
འདི་ནི་ཐོབ་དཀའ་བའི་ལོ་ལེགས་ཡིན། ༢༠༢༥ལོར། རང་རྒྱལ་གྱིས་སྔ་རྗེས་སུ་སྐམ་ཐན་དང་ཆུ་ལོག་སོགས་ཐལ་དྲགས་པའི་གནམ་གཤིས་ཀྱི་ཉམས་ཚོད་མང་པོ་བརྒྱུད་དེ། དབྱར་ཐོགས་ལོ་ལེགས་བྱུང་ནས། སྔ་འབྲས་ཡོང་འབབ་ཇེ་མང་སོང་ཡོད་ཅིང་། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལ་ཡང་བསྐྱར་ལོ་ལེགས་བྱུང་བའི་རེ་བ་ཡོད། མིག་སྔར། རྒྱལ་ཡོངས་སྟོན་དགུན་གྱི་སོན་འདེབས་མཇུག་བསྒྲིལ་ཞིང་། རྒྱ་ཁྱོན་བརྟན་ཐོག་ཡར་འཕེལ་བྱུང་ཡོད་ལ་མྱུ་གུའི་སྐྱེ་སྟོབས་སྤྱིའི་ཆ་ནས་ཡག་པོ་ཡིན་པས། སང་ལོའི་འབྲུ་རིགས་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།
འདི་ནི་ནམ་ཟླ་འགྱུར་ལྡོག་ཆེ་བའི་གྲོང་གསེབ་ཅིག་རེད། ༢༠༢༥ལོར། དམའ་འཕུར་ལྟ་སྐོར་དང་མེ་ཐབ་ཇ་སྐོལ། ནགས་ཚལ་རོལ་དབྱངས་སོགས་གསར་དར་འཛད་སྤྱོད་གནས་མང་པོ་བྱུང་ནས། གྲོང་གསེབ་དེ་མི་སྔར་ལས་མང་པོས་དགའ་བཅུ་ཐོབ་བཞིན་པའི་སྙན་ཚིག་བརྗོད་བཞིན་རྒྱང་སྐྱོད་དུ་གྱུར་ཡོད། འདི་ནི་བརྩོན་ཅན་ལམ་འགྲོ་ཡོད་པའི་ཀྲུང་གོའི་ཞིང་པ་རེད། གསར་དར་ལས་རིགས་ཀྱི་ལག་རྩལ་ཞིང་པ་བསྡོམས་འབོར་མི་བྱེ་བ་གཉིས་ལ་ཟིན། མི་སྔར་ལས་མང་པོས་ཞིང་པའི་ལག་རྩལ་གསར་པར་སློབ་སྦྱོང་དང་ལས་རྣམ་གསར་པར་བརྩོན་ལེན་བྱེད་བཞིན་ཡོད་པས། ཞིང་ལས་ཞིང་གྲོང་དེང་རབས་ཅན་ལ་སྒྱུར་གང་ཐུབ་ཀྱི་སྟོབས་ཤུགས་ཆེན་པོ་ཡིན།
དེང་སང་གི་ཀྲུང་གོ་ལ། ཞིང་ལས་སྟོབས་ལྡན་དང་ཞིང་གྲོང་མཛེས་སྡུག་ལྡན་པ། ཞིང་པ་འབྱོར་ཕྱུག་ལྡན་པའི་བརྗིད་ཆགས་མཛེས་སྡུག་གི་རྣམ་པ་བསྐྲུན་གང་ཐུབ་བྱེད་བཞིན་ཡོད། ད་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སོ་སོར་རྟོག་ཞིབ་གནང་ནས། ཞིང་ལས་ཞིང་གྲོང་དེང་རབས་ཅན་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་ནས་འཆར་གཞི་ཆེན་པོ་བཟོས་ཡོད། ཞིང་ལས་སྟོབས་ལྡན་ཇི་ལྟར་གཏོང་བར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་ཇེ་དྲག་བཏང་ནས་འབྲུ་རིགས་ཉེན་མེད་འགན་འཁྲི་ཕྲག་ཏུ་འཁུར་དགོས་ཞེས་ནན་གསུང་གནང་། ཁོང་གིས་ཚན་རྩལ་བཀོལ་སྤྱོད་ཇེ་དྲག་དང་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་བསྲེས་བྱས་ནས། རྒྱུན་ཆད་མེད་པར་ཐོན་ལས་མ་ལག་རྒྱུན་བསྲིངས་ཞིང་། ཟུར་སྣོན་རིན་ཐང་ཇེ་དྲག་བཏང་སྟེ། ཞིང་པའི་མི་སེར་ཡོང་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་དགོས་ཞེས་གསུངས། ཞིང་པས་དེང་རབས་ཀྱི་འཚོ་བ་གཏོང་འཇུག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གྲོང་ཁྱེར་དང་གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་རྒྱུན་འཁྱོངས་དང་། རྫོང་མཁར་གཙོ་བོ་བྱས་པའི་གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པ་འཛུགས་པ་དང་། རྫོང་དང་ཞང་། གྲོང་སྡེ་བཅས་ཀྱི་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་དང་ཐོན་ལས་མ་ལག་འཆར་འགོད་ལེགས་བཅོས་བཅས་བྱས་ནས། ་གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ཡང་དག་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
༢༠༢༥ལོར། ཞིང་སྟོབས་དང་། ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་རྒྱུན་ཆད་མེད་པར་ཤུགས་འདོན་པ་རེད། རྨོ་ཞིང་སྲུང་སྐྱོང་དང་། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བཀོལ་སྤྱོད། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ། ཞིང་ལས་ཉེན་འགོག་འགན་སྲུང་དང་འགྲོ་སོང་འགན་སྲུང་སོགས་ཁ་གསབ་མང་པོས་ཞིང་པས་འབྲུ་འདེབས་ཀྱི་ཧུར་སེམས་སྐུལ་བ་རེད། རིམ་པ་བཞིན་ཕུགས་ཡུན་གྱི་གཞི་རྩའི་ཞིང་ས་དེ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པའི་ལག་བསྟར་འཆར་འགོད་དེའང་ད་ལོར་འགྲེམ་སྤེལ་བྱས། སྔོན་རྩིས་བྱས་ན། ད་ལོར་ཚད་གཞི་མཐོ་བའི་ཞིང་ས་མུའུ་བྱེ་བ་བརྒྱད་གསར་དུ་འཛུགས་པ་དང་ཞིག་གསོ་བྱ་རྒྱུ་རེད། ༢༠༢༥ལོར། རྒྱལ་ཡོངས་སུ་སྒྲིག་གཞི་ཆ་ཚང་བའི་རྫོང་བདུན་བརྒྱ་བཅུ་མེད་གཉིས་ཀྱིས་འབྲུ་སྣུམ་སོགས་ལོ་ཏོག་གཙོ་བོའི་གཞི་ཁྱོན་ཆེན་པོའི་མུའུ་རེའི་ཐོན་ཚད་མཐོར་འདེགས་གཏོང་བའི་ལག་ལེན་སྤེལ། འབྲུ་སྣུམ་ལོ་ཏོག་གཙོ་བོའི་ནང་དུ། མ་རྨོས་ལོ་ཏོག་མུའུ་རེའི་ཐོན་ཚད་མཐོར་འདེགས་མངོན་གསལ་ཡིན་ལ། དེ་སྔོན་གྱི་མུའུ་རེར་རྐང་སུམ་སྟོང་ལྷག་ནས་ད་ལོར་ཆ་སྙོམས་རྐང་ལྔ་སྟོང་ཡས་མས་ལ་མཐོར་འདེགས་སོང་། ཞིན་ཅང་གི་ས་ཁུལ་ཁ་ཤས་སུ་རྐང་བདུན་སྟོང་ཡན་ལ་ཟིན།༢༠༢༥ལོར། ཞིང་ལས་ཐོན་སྐྱེད་སྔར་བས་རིག་ནུས་རེད། སོན་འདེམ་དང་འདེབས་འཛུགས། ཞིང་ཁ་དོ་དམ་བཅས་ཀྱི་བར། གཞི་གྲངས་ཆེན་མོའི་དཔེ་དབྱིབས་རིམ་པ་བཞིན་སྲོལ་རྒྱུན་ཉམས་མྱོང་གི་ཚབ་བྱས་ནས། རམ་འདེགས་ཐབས་ཇུས་སྔར་བས་ཚན་རིག་དང་མཐུན་པ་རེད། ད་ལོའི་དབྱར་བསྡུ་རིང་། དྲ་ཐོག་ལེགས་སྒྲིག་མ་ལག་གིས་ཞིང་ལས་འཕྲུལ་ཆས་ཁྱབ་ཚུལ་དང་གྲོ་སྨིན་བའི་དུས་རིམ་ཆ་སྒྲིག་ཐིག་པོ་བྱས་པས། འཕྲུལ་ཆས་སྟོང་པ་སྐོར་བ་དང་སྒུག་པའི་དུས་ཚོད་ཇེ་ཐུང་བཏང་བས། རྒྱལ་ཡོངས་ཀྱི་དབྱར་བསྡུ་ཉིན་མ་གཉིས་སྔོན་དུ་གྲུབ་རོགས་བྱས། ཉིས་སྟོང་ཉེར་ལྔ་ལོར་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱང་སྔར་ལས་སྤུས་ལེགས་ཤིང་སྤྱོད་སྒོ་ཇེ་ཆེ་ནས་ཇེ་ཆེར་རེད། རྒྱལ་ཁབ་ཀྱིས་ཁག་དང་པོའི་རི་མ་ཐང་རི་ཁུལ་གྱི་ཞིང་ལས་འཕྲུལ་ཆས་བཀོལ་སྤྱོད་བྱེད་པའི་གཞི་ཁྱོན་ཅན་གྱི་ཚོད་ལྟའི་རྫོང་གཏན་འཁེལ་བྱས་ཤིང་། སྒྲིག་ཆས་ཀྱི་མི་འདང་ས་ཁ་གསབ་བྱས་པ་རེད། ཧུའུ་ནན་དུ་སྣུམ་ཇ་ཤིང་འབྲས་བསྡུ་བའི་འཕྲུལ་ཆས་ཀྱིས་ཐོན་རྫས་གསར་པ་གསུམ་བཟོས་ཤིང་། དེ་སྔོན་ལག་པས་བཏོག་པ་སོགས་ཀྱི་ངལ་རྩོལ་ནུས་ཤུགས་བཀོལ་བའི་རྣམ་པ་དེ་ནི་རིམ་བཞིན་ལས་ཆོད་མཐོ་ཞིང་ཤེད་བཀོལ་མི་དགོས་པའི་གློག་སྒུལ་འཕྲུལ་ཆས་ཀྱིས་ཚབ་བྱས་ཡོད། ཉིས་སྟོང་ཉེར་ལྔ་ལོ་ནི་ཁྱོན་ཡོངས་ནས་དབུལ་བྲལ་འགག་སྒྲོལ་ལས་རྣམ་པར་རྒྱལ་རྗེས། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་བར་བརྒལ་གྱི་ལོ་ལྔའི་མཇུག་མཐའི་ལོ་ཡང་རེད། ཟླ་དགུ་པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་སུ་བསྡོམས་པས་ས་ཡ་བདུན་ལས་བརྒལ་བའི་དབུལ་ལོག་དབུལ་འགྱུར་ལ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཉེན་ཁ་སེལ་ཡོད་པས། དབུལ་བྲལ་མི་གྲངས་ཀྱི་ལས་གླ་དང་ལས་ཞུགས་གྲངས་འབོར་བྱེ་བ་གསུམ་དང་ས་ཡ་གསུམ་ལས་བརྒལ་བས། ལོ་ཧྲིལ་པོའི་དམིགས་འབེན་ལས་བརྒལ་ཡོད། གཞི་ཁྱོན་ཅན་གྱི་ཡང་བསྐྱར་དབུལ་ལོག་དང་དབུལ་འགྱུར་འགོག་པའི་མ་མཐའི་ཚད་གཞི་བརྟན་སྲུང་བྱས་པས། དབུལ་བྲལ་ས་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་ནས་གསོན་ཤུགས་བསྩལ་བ་རེད། ཉིས་སྟོང་ཉེར་ལྔ་ལོའི་གྲོང་གསེབ་ཏུ། ལས་རྣམ་གསར་པའི་དབང་གིས་གསོན་ཤུགས་གསར་པ་རྒྱས་ཡོད། ཧའེ་ནན་དུ་གྲོང་ཚོའི་ཕྲེང་གྲུག་འགྲན་བསྡུར་ལས་མི་ཁྲི་ལྷག་པིང་ཧེ་གྲོང་ཚོར་འཛོམས་པ་རེད། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ལ་སྐུལ་ཁྲིད་བྱས། ཡུན་ནན་དུ་འབྲུ་རྡོག་ཆུང་ངུའི་ཚིག་ཇའི་ཚོང་བྲིན་པོ་ཡོད་པར་མ་ཟད། ཞིང་ཆེན་རིམ་པའི་སྤུས་ལེགས་ཚིག་ཇ་ར་བ་བཅུ་བཞི་ཡུལ་སྐོར་མཛེས་ཁུལ་དུ་གྱུར་ཡོད་པས། ཉེ་འཁོར་གྱི་ཐོན་རྫས་གསར་སྤེལ་བྱས་པས་མུ་མཐུད་ནས་ཡུལ་སྐོར་མྱོང་རོལ་ཕུན་སུམ་ཇེ་ཚོགས་སུ་བཏང་། མིག་སྔར་རྒྱལ་ཡོངས་སུ་གྲོང་གསེབ་ཡུལ་སྐོར་གྲོང་ཚོ་དང་གྲོང་རྡལ་གཙོ་བོ་ཆིག་སྟོང་ལྔ་བརྒྱ་གོ་བདུན་ཡོད་ལ། ཞིབ་སློབ་གསར་གཏོད་དང་འཚོ་བའི་མཛེས་དཔྱོད། གྲོང་གསེབ་ཀྱི་ཟས་མཆོག་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་པས། མི་སེར་གྱི་ཡོང་འབབ་ཇེ་མང་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉིས་སྟོང་ཉེར་ལྔ་ལོར་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཟབ་མོ་གཏོང་བ་རེད། འགྲིམ་འགྲུལ་དང་ཆུ་བེད། བརྡ་འཕྲིན་སོགས་རྨང་གཞིའི་སྒྲིག་ཆས་འབྲེལ་མཐུད་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆུང་དུ་བཏང་། སྲིད་འཛིན་གྲོང་ཚོའི་བརྡ་འཕྲིན་རབས་ལྔ་པ་བཀོལ་སྤྱོད་བྱས་ཚད་བརྒྱ་ཆའི་དགུ་བཅུར་ཟིན་ཡོད་ཅིང་། གྲོང་གསེབ་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་ས་ཡ་བཞི་དང་འབུམ་དྲུག་ཁྲི་བཞི་ཡོད་པ་རེད། གྲོང་གསེབ་ཀྱི་རང་འབབ་འཐུང་ཆུ་འདྲེན་ཚད་སྔོན་དཔག་ལྟར་ན་ལོ་མཇུག་ཏུ་བརྒྱ་ཆའི་གོ་དྲུག་ལ་ཟིན་རྒྱུ་རེད། རང་རྒྱལ་གྱིས་འཛམ་གླིང་ཐོག་ཞབས་ཞུའི་མི་འབོར་ཆེས་མང་བའི་གྲོང་གསེབ་ཀྱི་ཐུན་མོང་གི་ཆུ་འདོན་མ་ལག་བཙུགས་ཡོད། ཉིས་སྟོང་ཉེར་ལྔ་ལོར། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་ནུས་ཁུངས་སྤུས་ལེགས་ཀྱང་མགྱོགས་པོར་གྲོང་གསེབ་་ལ་ཁེབས་ཡོད། རྒྱལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་ཆུས་ཉིས་སྟོང་ཆིག་བརྒྱ་གོ་དགུ་ནས་ཚགས་དམ་པའི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་པ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་བརྒྱ་ཆའི་གོ་ལྔ་ཡན་སྨན་བཅོས་འགན་བཅོལ་ནང་བླངས་ཡོད་པས། ཞིང་བ་ཚོས་རང་གི་སྒོ་འགྲམ་ནས་སྨན་བརྟེན་ཆོག་པས་སྔར་བས་སྟབས་བདེ་བཟོས་ཡོད།
ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པས་ཞིང་ལས་ཞིང་སྡེ་དེང་རབས་ཅན་སྔར་བས་ཇེ་མགྱོགས་གཏོང་བའི་ཐད་ཆེད་དོན་བཀོད་སྒྲིག་གནང་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་མཉམ་དུ་འཕེལ་རྒྱས་གཏོང་བར་ཤུགས་འདོན་དགོས་ཞེས་ཡང་བསྐྱར་ནན་གྱིས་བསྟན་ཡོད། ལོ་རྒྱུས་ཀྱི་འགོ་བརྩམས་ས་གསར་བ་ནས། རང་རྒྱལ་གྱིས་གུང་བུ་གཅིག་ཏུ་ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་ལ་ཤུགས་འདོན་བཞིན་ཡོད་པ་དང་། འབད་པ་ཆེན་པོས་བདེ་སྡོད་ལས་དར་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱས་ནས། མཉམ་གཅིག་ཏུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་སྐྱིད་ལྡན་པའི་མ་འོངས་པར་སྐྱོད་བཞིན་ཡོད།
འཕྲིན་སྟེགས། weikangba