ཟླ་༡༢པའི་ཚེས་༤ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་གྲོས་མོལ་མཛད་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧྥ་རན་སི་ནི་མིག་རྒྱང་རིང་བ་དང་། འགན་འཁྲི་ཡོད་པའི་རང་བཙན་རང་བདག་གི་རྒྱལ་ཁབ་ཆེན་མོ་ཡིན་ལ། འཛམ་གླིང་སྣེ་མང་ཅན་སྐུལ་འདེད་དང་། མིའི་རིགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཡིན། མིག་སྔར། ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་འབྱུང་བཞིན་ཡོད་པས། མིའི་རིགས་ཡང་བསྐྱར་གང་འགྲོ་གང་འདུག་གི་ལམ་མདོར་སླེབས་ཡོད། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་འགན་འཁྲི་ཡག་པོ་འཁུར་ནས། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོ་རུ་སྒྲེང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་འོས། ཀྲུང་གོས་ཧྥ་རན་སི་དང་མཉམ་དུ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕུག་རྒྱང་རིང་བའི་ཁེ་ཕན་ལ་དམིགས་ནས། འདྲ་མཉམ་ཁ་བརྡ་དང་། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་རབ་བྱུང་གསར་པའི་རིང་སྔར་བས་བརྟན་པོ་དང་ཡག་པོ་ཡོང་བར་བྱས་ཏེ། འཐབ་ཇུས་རིན་ཐང་གང་ལེགས་མངོན་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད། ཀུན་ཕན་གུ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་བྱས་རྗེས་གསར་པ་འཇོག་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས། ཕྱི་རོལ་ཁོར་ཡུག་ཅི་འདྲའི་འགྱུར་ལྡོག་བྱུང་ཡང་། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཆེན་མོའི་འཐབ་ཇུས་མིག་རྒྱང་དང་རང་བཙན་རང་བདག་མངོན་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་ཐུགས་ཁུར་བྱེད་སའི་གནད་དོན་ཐད་ནས་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་གྲོས་འགོ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། མ་འོངས་པའི་ལོ་ལྔའི་ནང་ཀྲུང་གོའི་འཕེལ་རྒྱས་ལ་འཆར་གཞི་བཟོས་ཡོད་པ་དང་། འཛམ་གླིང་ལ་གོ་སྐབས་བསྐྲུན་པའི་ཞིབ་ཐོ་ཞིག་བཏོན་ཡོད། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། མཉམ་ལས་བར་སྟོང་རྒྱ་བསྐྱེད་པ་དང་། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། ཉིང་ནུས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་བཏང་ནས། འབག་མེད་དཔལ་འབྱོར་དང་ཨང་ཀིའི་དཔལ་འབྱོར། སྐྱེ་དངོས་སྨན་རྫས། མིས་བཟོས་རིག་ནུས། ནུས་ཁུངས་གསར་པ་སོགས་ཀྱི་མཉམ་ལས་གཏིང་ཤུགས་སྔོན་འདོན་བྱེད་དགོས་ཞེས་གསུངས།
ཀྲུང་གོས་ཧྥ་རན་སིའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་དང་། ཧྥ་རན་སིའི་ཁེ་ལས་སྔར་ལས་མང་པོ་ཀྲུང་གོར་འཕེལ་རྒྱས་ཡོང་བར་དགའ་བསུ་ཡོད་ལ། ཧྥ་རན་སིས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་ཁོར་ཡུག་དང་སྔོན་དཔག་བརྟན་པོ་འདོན་པའི་རེ་བ་ཡོད། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་ཟབ་མོ་ཡོད། རིག་གནས་དང་སློབ་གསོ། ཚན་རྩལ། ས་གནས་སོགས་ཁྱབ་ཁོངས་ནང་སྤེལ་རེས་མཉམ་ལས་ཟབ་མོ་བྱེད་པ་དང་། མི་ཆོས་རིག་གནས་ཀྱི་ངོ་མཚར་མུ་མཐུད་ནས་བསྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་དེ་འདྲའི་ཞི་བདེ་མིན། ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་མང་པོ་བྱུང་བ་དང་རྙོག་འཛིང་ཆེ་ལ་ཐག་བཅད་དཀའ། ཀྲུང་གོ་དང་ཧྥ་རན་སི་ནི་མཉམ་འབྲེལ་རྒྱལ་ཚོགས་གསར་གཏོད་ཀྱི་ཁོངས་ཞུགས་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པས། ཕྱོགས་མང་རིང་ལུགས་དངོས་སུ་ལག་བསྟར་དང་། མཉམ་འབྲེལ་རྒྱལ་ཚོགས་གཙོ་བོ་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་། ཆབ་སྲིད་ཀྱི་ལམ་ནས་རྩོད་པ་ཐག་གཅོད་དང་། འཛམ་གླིང་ཞི་བདེ་བརྟན་བརླིང་ཡོང་བའི་ཐད་སྤེལ་རེས་དང་མཐུན་སྦྱོར་བྱས་ནས། གོ་ལ་ཡོངས་ཀྱི་བཅོས་སྐྱོང་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་དགོས། མིག་སྔར། འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་འཕེལ་རྒྱས་དོ་མཉམ་མིན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིའི་ནང་མཚོན་བྱེད་རང་བཞིན་མི་འདང་བ་སོགས་དོ་མཉམ་མིན་པའི་གནད་དོན་མང་པོ་ཡོད། རྒྱལ་ཁབ་ཁག་གིས་འགན་ཡག་པོ་འཁུར་བ་དང་མཐུན་སྦྱོར་ལས་དོན་སྒྲུབ་པ། གོ་ལ་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་སྔར་ལས་འདྲ་མཉམ་དང་དྲང་བདེན། ལུགས་མཐུན་ཡོང་བར་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་བར་གྱི་ལོ་ལྔའི་རིང་གི་འགྲོ་འོང་མཉམ་ལས་དང་གཉིས་ཁེ་མཉམ་ཕན་ཡིན་ལ་ཕན་ཚུན་ཁེ་ཕན་བསྐྲུན་ཡོད། རྒྱལ་ཁབ་ཁག་གིས་ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་ཟུང་འབྲེལ་ཟབ་མོ་དང་། སྒོ་འབྱེད་མཉམ་ལས་ཀྱིས་འཕེལ་རྒྱས་གོ་སྐབས་བསྐྲུན་ཡོད། འབྲེལ་བ་བཅད་ན་རང་ཉིད་བཀག་སྡོམ་བྱེད་པ་དང་མཚུངས། སྲུང་སྐྱོབ་རིང་ལུགས་ཀྱིས་འཛམ་གླིང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་གི་གནད་དོན་ཐག་གཅོད་མི་ཐུབ་ལ། རྒྱལ་སྤྱིའི་ཉོ་ཚོང་ཁོར་ཡུག་ཇེ་སྡུག་ཏུ་གཏོང་སྲིད། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་རོགས་ཟླའི་འབྲེལ་བའི་གོ་གནས་རྒྱུན་འཁྱོངས་དང་། སྒོ་འབྱེད་རྣམ་པས་མཉམ་ལས་ལ་སྐུལ་བ་རྒྱུན་འཁྱོངས། ཀྲུང་གོ་དང་ཡོ་རོབ་འབྲེལ་བ་རང་བཙན་རང་བདག་དང་། མཉམ་ལས་གཉིས་ཁེའི་ཡང་དག་པའི་ལམ་བུའི་ཐོག་ཏུ་བསྐྱོད་དགོས་ཞེས་ནན་གསུང་གནང་།

མ་ཁེ་ལུང་གིས་ཧྥ་རན་སི་དང་ཀྲུང་གོའི་མཐོ་རིམ་འགྲོ་འོང་མུ་མཐུད་ནས་ཟབ་སྤེལ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་བཀུར་བྱེད། ཧྥ་རན་སི་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་ལ་མཐོང་ཆེན་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བརྟན་པོ་བྱེད་བཞིན་ཡོད་ལ། ཧྥ་རན་སི་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་ནས་ཟབ་སྤེལ་གཏོང་འདོད་ཡོད། ཧྥ་རན་སི་ཡིས་ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་འབྱུང་དུས་དགའ་པོ་བྱུང་ལ། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་ལ་གོ་སྐབས་སྔར་ལས་མང་པོ་སྐྲུན་ཡོད། ཀྲུང་གོ་དང་མཉམ་དུ་ཕན་ཚུན་དངུལ་གཏོང་དང་། དཔལ་འབྱོར་ཉོ་ཚོང་། སླར་སྐྱེ་ཐུབ་པའི་ནུས་ཁུངས་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་ཇེ་དྲག མཛའ་མཐུན་རིག་གནས་སྤེལ་རེས་ཇེ་ཟབ་གཏོང་འདོད་ཡོད། ཧྥ་རན་སི་ཡིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཧྥ་རན་སིར་མ་དངུལ་གཏོང་སར་ཡོང་བར་དགའ་བསུ་ཡོད། དྲང་བདེན་དང་མཐོང་ཆུང་མིན་པའི་ཚོང་གཉེར་ཁོར་ཡུག་འདོན་འདོད་ཡོད། ཧྥ་རན་སི་ཡིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོས་འཕེལ་རྒྱས་གཏོང་བར་འབད་པ་དང་། ཡོ་རོབ་དང་ཀྲུང་གོའི་བར་གྱི་གླེང་མོལ་མཉམ་ལས་རྒྱུན་འཁྱོངས་དང་། ཡོ་རོབ་ཀྱིས་འཐབ་ཇུས་རང་བདག་མངོན་དུ་འགྱུར་དགོས་པར་འདོད། འཛམ་གླིང་ས་ཁོངས་གནས་བབ་བརྟན་བརླིང་མིན་པ་དང་། ཕྱོགས་མང་སྒྲིག་ལམ་ལ་བར་ཆད་འབྱུང་དུས་ཧྥ་རན་སི་དང་ཀྲུང་གོའི་མཉམ་ལས་ལྷག་ཏུ་གལ་ཆེ། དགོས་ངེས་ཡིན། ཧྥ་རན་སི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཅོས་བསྒྱུར་བྱས་ནས་འཛམ་གླིང་བཅོས་སྐྱོང་བཅོས་བསྒྱུར་འཐུས་ཚང་དང་། འཛམ་གླིང་དཔལ་འབྱོར་སྔར་ལས་དོ་སྙོམས་ལ་སྐུལ་འདེད་གཏོང་བའི་དགོངས་འཆར་ལ་མོས་མཐུན་ཡོད། ཀྲུང་གོ་དང་མཉམ་དུ་མཐུན་སྦྱོར་ཇེ་དྲག་དང་། རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་བ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། མིས་བཟོས་རིག་ནུས་བཅོས་སྐྱོང་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་ཇེ་དྲག་བཏང་ནས། འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཡུག་རེན་ཉམས་ཉེན་ཐད་ནས་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་ཀྲུང་གོས་ཞི་བདེ་ལ་ཕན་པའི་འབད་བརྩོན་ཡོད་ཚད་ལ་རྒྱབ་སྐྱོར་ཡོད། རང་གི་བྱེད་ཐབས་ལྟར་ཆབ་སྲིད་ཉམས་ཉེན་ཐག་གཅོད་པར་ནུས་པ་ཡག་མོ་འདོན་རྒྱུ་ཡིན། ཀྲུང་གོས་ཡོ་རོབ་རྒྱལ་ཁབ་ཀྱིས་དགོས་ངེས་ཀྱི་ནུས་པ་འདོན་པ་དང་། དོ་སྙོམས་དང་གོ་ཆོད། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་ཉེན་མེད་སྒྲོམ་གཞི་འཛུགས་པར་རྒྱབ་སྐྱོར་ཡོད་ཅེས་གསུངས།
གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཉིང་རྡུལ་ནུས་པ་དང་ཞིང་ལས་བཟའ་བཅའ། སློབ་གསོ། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་ཡིག་ཆ་མང་པོའི་ཐོག་ཏུ་མིང་རྟགས་འགོད་པར་བདེན་དཔང་མཛད།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་རུང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཐུག་འཕྲད་གནང་བ་དང་། ཉིན་དེའི་ཉིན་གུང་ལ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་མ་ཁེ་ལུང་སྐུ་ཟླ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།

མ་ཁེ་ལུང་འབྱོར་རྗེས་གུས་ཞབས་དམག་གིས་རུ་བསྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་སྟེགས་ཐོག་བུད་པ་དང་། དམག་དཔུང་རོལ་དབྱངས་རུ་ཁག་གིས་ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གནམ་བདེ་སྒོ་མོའི་ཐང་ཆེན་ནས་གུས་སྒྱོགས་ཐེངས་ཉེར་གཅིག་འཕངས།
མ་ཁེ་ལུང་གིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་དམག་གཟིགས་མཛད།
ཉིན་དེའི་ཕྱི་དྲོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཁང་ནས་མཛད་སྒོ་སྤེལ་ཏེ་མ་ཁེ་ལུངཁྱོ་ཤུག་རྣམ་གཉིས་ལ་སྣེ་ལེན་མཛད་པ་རེད།
འཕྲིན་སྟེགས། weikangba