ཉེ་ཆར། ཧྲན་ཏུང་ཏེ་ཀྲོའུ་ཞ་ཅིན་རྫོང་དུ་ལམ་འདྲི་བར་ཁ་གཡར་ནས་མགོ་སྐོར་གཏོང་བའི་དོན་རྐྱེན་གཉིས་བྱུང་བ་རེད། ཁྲིམས་འགལ་པས་ཆེད་དུ་རྒན་རྒོན་ལ་མགོ་སྐོར་གཏོང་བཞིན་ཡོད་པ་སྟེ། ཁ་པར་གཡར་བར་བརྟེན་ནས་ཁ་པར་གྱི་ཁཱ་བརྐུས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་དེ་དང་བསྟུན་ནས་སྤྱི་དམངས་ལ་ཁ་པར་གང་འདོད་དུ་ཆ་མེད་ལ་གཡར་མི་རུང་ཞེས་དྲན་སྐུལ་བྱས།
ཞ་ཅིན་རྫོང་སྤྱི་བདེ་ཅུས་ཞང་ཀྲའོ་ཀྲོང་མངགས་གཏོང་ཁང་གི་འགོ་འཛིན་གཞོན་པ་ལི་ཝན་ལིན་གྱིས་མཚམས་སྦྱོར་བྱས་པར་གཞིགས་ན། གྱོད་དོན་བྱུང་ཉིན་དེར། ཞང་ཀྲའོ་ཀྲོང་གྲོང་རྡལ་གྱི་ཨ་ཁུ་ཤིན་ལགས་ཕྱི་ལ་གད་སྙིགས་དབྱུགས་པར་འགྲོ་སྐབས་ཨང་བྱང་མེད་པའི་རླངས་འཁོར་སེར་པོ་ཞིག་བསྡད་ནས་ལམ་འདྲི་བར་ཐུག་པ་རེད། ཁ་ལོ་བའི་ཟུར་དུ་སྡོད་མཁན་སྐྱེས་པ་དེས་ཀྲའོ་ལིའི་ཨ་ཞང་ཚང་གི་སྡོད་གནས་གང་ཡིན་ཞེས་དྲིས། ཨ་ཁུ་ཤིན་ལགས་ཀྱིས་གནས་ཚུལ་མི་ཤེས་ཞེས་ལན་བཏབ་རྗེས། སྐྱེས་པ་དེས་ཁ་པར་གཡར་རོགས་ཟེར་ནས་ཨ་ཁུ་ཤིན་ལགས་ཀྱི་ཁ་པར་དེ་ཁ་ལོ་བར་སྤྲད་རྗེས། རང་ཉིད་ཀྱིས་མུ་མཐུད་དུ་ཨ་ཁུ་ཤིན་ལགས་ལ་ཁ་བརྡ་བྱེད་ཁུལ་བྱས། སྐར་མ་གཉིས་གསུམ་གྱི་རྗེས་སུ་ལག་ཐོགས་ཁ་པར་ཕྱིར་སྤྲད་པས། ཕྱི་ཉིན་ཉིན་གུང་ལ་ད་གཟོད་ལག་ཐོགས་ཁ་པར་གྱི་ཁཱ་མེད་པར་གྱུར་པ་ཤེས།
མིག་སྔར་གྱོད་འབྲེལ་མི་སྣ་ཚང་མ་ཡུལ་གཞན་དུ་བཟུང་བ་དང་། གྱོད་གཞི་རིམ་གྱིས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།
ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་རྒན་རྒོན་ཚོས་ལག་ཐོགས་ཁ་པར་གྱི་ཁཱ་ཉར་ཚགས་ཡག་པོ་བྱེད་དགོས་པ་ལས། གཞན་ལ་གཡར་མི་རུང་། དངོས་གནས་དགོས་མཁོ་བྱུང་སྐབས་ལག་ཐོགས་ཁ་པར་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་མཐོང་ལམ་དུ་ཡོད་དགོས་པ་དང་། རྒྱང་ཉན་གྱི་བྱེད་ནུས་སྒོ་ཕྱེ་དགོས། ལག་ཁྱེར་ཁ་པར་གྱི་ཁཱ་རྐུ་ལ་ཤོར་བ་དང་བོར་བརླག་བྱུང་བ་ཤེས་ཚེ། འཕྲལ་མར་གཉེར་སྐྱོང་ཚོང་པར་འབྲེལ་གཏུག་བྱས་ནས་བོར་བརླག་སྙན་སེང་ཞུ་དགོས་པ་མ་ཟད། དུས་ཐོག་ཏུ་ཉེན་རྟོག་པར་ཉེན་བརྡ་གཏོང་དགོས།
འཕྲིན་སྟེགས། weikangba